༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག


2017.01.23
༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་བཞིན་པ། ༢༠༡༧།༡།༢༣ ༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་བཞིན་པ། ༢༠༡༧།༡།༢༣
འཇིགས་མེད་སྙན་གྲགས།/RFA

༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་བ་སོགས་ཀྱི་མཛད་འཕྲིན་ལེགས་པར་བསྒྲུབས་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༢༣་ཉིན། བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་བོད་མི་དང་ས་གནས་ཡུལ་མི། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་ཟབ་རྒྱས་ཞུས་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་གྷ་གྷལ་གནམ་ཐང་ལ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགསཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུས་པའི་མཛད་གཙོ་རྣམས་གུས་བསུའི་ཕེབས་བསུར་ཆེད་བཅར་ཞུས་འདུག
༧གོང་ས་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པ་བསྩལ་གནང་ལེགས་འགྲུབ་ཟིན་པའི་རྗེས་སུ། བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་ཞོར་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྒྱ་གར་རྒྱལ་ཡོངས་ཀྱི་བེུད་ཚོང་པའི་ལྷན་ཚོགས་ལ་ཕྱི་ཚེས་༢༡་སྟེ་གཟའ་སྤེན་པའི་ཉིན་གྱི་སྔ་དྲོར་བཀའ་སློབ་སྩལ་གནང་མཛད་པ་དང་། ཉིན་རྒྱབ་ལ་རྒྱལ་ས་ལྡི་ལིའི་ནང་གི་རྒྱལ་སྤྱིའི་ཨ་མའི་སློབ་གྲའི་ནང་གི་སློབ་ཕྲུག་སྟོང་ཕྲག་མང་པོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་གནང་འདུག
ཕྱི་ཚེས་༢༢་སྟེ་གཟའ་ཉི་མའི་ཉིན་༧གོང་ས་མཆོག་གིས་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཁྱིམ་སློབ་གྲའི་གཞོན་ནུའི་སློབ་ཁང་ནང་ཚན་རིག་མཁས་དབང་Richard་Davidson་ལྷན་དུ་དབང་རྩའི་ཚན་རིག་དང་དྲན་ཤེས་སྐོར་བགྲོ་གླེང་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༢་ཚེས་༥་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དེང་སྐབས་རྒྱ་གར་གྱི་རྣམ་དཔྱོད་བསྐྱར་གསོ་གནང་ཕྱོགས་སྐོར་Talkota་རྩེད་ཁང་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་གནང་འཆར་ཡོད་ཅིང་བཀའ་སློབ་དེ་ནི་Vidyaloke་ཞེས་རྒྱ་གར་བེུད་ཀྱི་རྣམ་དཔྱོད་སྣེ་ཁྲིད་ཚོགས་པ་ཞེས་པས་གོ་སྒྲིག་ཞུ་ཡི་ཡོད་པ་རེད། ཚོགས་པ་དེ་ནི་རྒྱ་གར་གྱི་རྣམ་དཔྱོད་དང་ཤེས་སྟོབས་ཆོས་སློབ་འདོད་ཀྱི་ལེགས་སྦྱང་གི་མེ་ལྕེ་སླར་གསོ་དོན་དུ་གཉེར་མཁན་ཞིག་ཡིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎