༧གོང་ས་མཆོག་ནས་བཟོད་པའི་ཉམས་ལེན་སྐོར་བཀའ་སློབ་བསྩལ་བ།

2017-01-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་མཆོག་ནས་ཕྱི་ཚེས་ ༧ ཉིན་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིིན་གྱི་ལེའུ་དང་། བཟོད་པའི་ལེའུ། བསམ་གཏན་གྱི་ལེའུ་། དེ་བཞིན་སྒོམ་རིམ་བར་པའི་ཞི་གནས་སྐོར་གྱི་རིམ་པ་བཅས་ཀྱི་སྒོ་ནས་བཤད་ལུང་སྩོལ་བཞིན་པ།
༧གོང་ས་མཆོག་ནས་ཕྱི་ཚེས་ ༧ ཉིན་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིིན་གྱི་ལེའུ་དང་། བཟོད་པའི་ལེའུ། བསམ་གཏན་གྱི་ལེའུ་། དེ་བཞིན་སྒོམ་རིམ་བར་པའི་ཞི་གནས་སྐོར་གྱི་རིམ་པ་བཅས་ཀྱི་སྒོ་ནས་བཤད་ལུང་སྩོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅། །བཟོད་པའི་ཉམས་ལེན་གྱི་གོ་སྐབས་སྦྱིན་མཁན་ནི་སེམས་ཅན་ཡིན་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་པ་རྣམས་ལ་དམིགས་ཏེ་བཟོད་པའི་ཉམས་ལེན་འབྱུང་ཐབས་མེད་པ་དེ་རིང་ཕྱི་ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་ཉིན་གསུམ་པའི་ཐོག་བཀའ་སྩལ་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས་ ༧ ཉིན་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིིན་གྱི་ལེའུ་དང་། བཟོད་པའི་ལེའུ། བསམ་གཏན་གྱི་ལེའུ་། དེ་བཞིན་སྒོམ་རིམ་བར་པའི་ཞི་གནས་སྐོར་གྱི་རིམ་པ་བཅས་ཀྱི་སྒོ་ནས་བཤད་ལུང་སྩལ་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་བློ་ཟུར་བོར་གནས་པའི་ཚན་རིག་པ་ལ་སོགས་པ་ནང་པ་མ་ཡིན་པ་མི་ཚོས་ཀྱང་ནང་ཆོས་ཀྱི་ནང་དོན་ངོ་མ་ཤེས་པའི་སྐབས་ནང་ཆོས་ནི་དད་པ་ཙམ་གྱི་ཆོས་ལུགས་མིན་པར་སེམས་ཀྱི་ཚན་རིག་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་པ་རེད་ཅེས་དང་། ནང་པ་ཚོའི་ངོས་ནས་ཀྱང་ནང་ཆོས་ལ་སྐྱབས་སུ་འཆི་ཞེས་དད་པ་ཙམ་མིན་པར་སངས་རྒྱས་ཀྱི་ཆོས་ལུགས་ལ་ཐོས་བསམ་སྒོམ་གསུམ་ལ་ཉམས་ལེན་བྱེད་དེ། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱ་དགོས་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་ལེའུ་དྲུག་པ་སྟེ་བཟོད་པའི་ལེའུའི་བཤད་ལུང་སྩལ་སྐབས། ཞེ་སྡང་དང་དུ་མི་ལེན་པར་ཞེ་སྡང་གི་ཉེས་དམིགས་ལ་བལྟ་དགོས་པ་དང་། དེ་ཡང་རང་བདེ་བ་འདོད་པ་ལྟར་གཞན་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདོད་པ་འབའ་ཞིག་ཡིན་པའི་བློ་སྦྱང་སྟེ། སེམས་ཅན་ནི་བཟོད་པའི་ཉམས་ལེན་བྱ་ཡུལ་ནོར་བུ་ལྟ་བུ་ཡིན་པའི་འདུ་ཤེས་སྐྱེ་བ་བྱ་དགོས་པ་བཀའ་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞེ་སྡང་ནི་ཚུལ་མིན་ཡིད་ཆེས་ཀྱིས་དྲངས་པའི་རྣམ་རྟོག་གི་བློ་ཞིག་ཡིན་པ་བཀའ་གནང་པ་དང་། དེ་ཡང་ཞེ་སྡང་སྐྱེ་བའི་སྐབས་ཞེ་སྡང་སྐྱེ་བའི་ཡུལ་དེ་ཡོངས་སུ་མི་སྡུག་པ་ཞིག་ཏུ་སྣང་སྟེ་ཁོང་ཁྲོ་སྐྱེ་ཡི་ཡོད་ན་ཡང་། དོན་དངོས་ལ་ཞེ་སྡང་བྱེད་མཁན་གྱི་གང་ཟག་རང་ཉིད་ཉོན་མོངས་པའི་གཞན་དབང་འོད་ཚུད་ཡོད་པ་བསམ་སྟེ། ཁོང་ཁྲོ་སྐྱེ་ན་ཉོན་མོངས་པ་དེར་སྐྱེ་དགོས་པ་ལས། གང་ཟག་དེ་ནི་སྙིང་རྗེའི་ཡུལ་དུ་བལྟ་ཐུབ་པ་བྱེད་དགོས་པའི་བཀའ་སློབ་སྩལ་ཡོད་པ་རེད།
དེ་བཞིན་དེ་རིང་ཕྱི་ཚེས་ ༧ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དུས་འཁོར་དབང་ཆེན་གྱི་གསུང་ཆོས་རྭ་བའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཅིག་གནང་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་དབང་གོ་སྒྲིག་ཚག་ཚུད་ཡོང་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་ལྷོད་མེད་ཞུས་ཡོད་པ་དང་། འདི་ལྟ་བུའི་དུས་དབང་གྲ་སྒྲིག་འཐུས་ཚང་འབྱུང་བ་ནི་གཙོ་ཆེ་ཤོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ཡིན་པའི་ཐོག། རྒྱ་གར་དབུས་དང་ལྷག་པར་དུ་རྒྱ་གར་ས་གནས་གཞུང་གིས་ཆུ་ཀློག། སྲུང་སྐྱོབ་གང་ཅིའི་ཐད་མཐུན་འགྱུར་ཞོགས་འདེགས་ཆེན་པོ་གནང་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།  སྐབས་དེར་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེངྒེ་ལགས་ཀྱིས་བོད་ནས་ཆོས་ཞུ་བ་དུས་འཁོར་དབང་ཆེན་དུ་བཅར་རྒྱུ་དང་། རྒྱ་གར་དུ་འབྱོར་ཟིན་པ་མང་པོ་ཞིག་རྒྱ་ནག་གཞུང་གིས་དམ་དྲག་འོག་བོད་དུ་ཕྱིར་ལོག་བྱ་དགོས་བྱུང་བ་དེ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན་པ་གསུངས་ཤིང་། དུས་འཁོར་དབང་ཆེན་དུ་བཅར་མཁན་གྱི་ཆོས་ཞུ་བའི་གྲངས་འབོར་འབུམ་གཉིས་ཙམ་ཟིན་རྒྱུའི་ཚོད་དཔག་གནང་གི་ཡོད་པ་གསུངས་ཡོད་པ་རེད།
མི་ཚོགས་ཇེ་མང་དུ་འགྲོ་བཞིན་པ་དང་དུས་མཚུངས་དངུལ་དང་དངོས་པོ་བོར་བརླག་ཤོར་བ་དང་རྐུ་འཁྱེར་གྱི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་དམངས་གསལ་བསྒྲགས་ཁང་ནས་ཡང་ནང་ཡང་དུ་ཡིད་གཟབ་དགོས་རྒྱུའི་ནན་སྐུལ་གནང་གི་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།