ཡང་སྲིད་ཕེབས་མིན་བོད་མི་མང་གི་ཐག་གཅོད་ཡིན་པ་བཀའ་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་༧རྒྱལ་བ་༧སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ཕེབས་མིན་ནི་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་རྒྱུ་ཡིན་པ་བཀའ་གནང་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་ནང་མང་ཚོགས་ཁྲི་ཚོ་འགའ་ཤས་ལ་སྒོམ་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་བ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་ ༨ ཉིན་མོན་རྟ་དབང་ཁུལ་གྱི་སྐྱ་སེར་མི་དམངས་ཚོས་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་འདུག་ལ། དེ་བཞིན་ཉིན་རྒྱབ་གསར་འགོད་ལྷན་ཚོགས་ཞིག་གི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་ཐག་གཅོད་གནང་རྒྱུ་ད་ལྟ་སྔ་དྲག་པ་ཡིན་པ་དང་། མ་འོངས་པར་༧རྒྱལ་བ་༧སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ཕེབས་མིན་ནི་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་རྒྱུ་ཡིན་པ་བཀའ་གནང་འདུག།
ཁ་སང་ཕྱི་ཚེས་ ༧ ཉིན་མོན་རྟ་དབང་ལ་ཞབས་སོར་འཁོད་གནང་གིས། དེ་རིང་ཕྱི་ཚེས་ ༨ ཉིན་མང་ཚོགས་ལ་སྒོམ་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་ཞིང་། ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ཁུལ་ཞབས་སོར་བཀྲིན་ཆེ་གནང་མཛད་པར་དགའ་བསུ་དང་བཀྲིན་རྗེས་དྲན་གྱི་གཏམ་བཤད་གནང་པའི་སྐབས། མ་འོངས་པར་རྟ་དབང་ཁུལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་སྩོལ་གནང་གསོལ་འདེབས་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབང་ཆེན་གནང་འཐུས་ཀྱང་། གསང་སྔགས་བླ་མེད་ཀྱི་དབང་ཆེན་འདི་འདྲ་བ་གནང་རྒྱུར་སྔོན་ལ་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ནང་ཆོས་ལ་གོ་བ་འཕྲན་བུ་ཆགས་པ་ཞིག་དགོས་རྒྱུ་ཡིན་པ་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཁྲི་ཚོ་འགའ་ཤས་ལ་སྒོམ་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་སྐབས། ནང་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པའི་ཆོས་ལ་ངེས་པར་སློབ་སྦྱོང་བྱེད་ནས་དད་པ་ཐོབ་པ་ཞིག་དགོས་པ་བཀའ་གནང་འདུག
ཉིན་རྒྱབ་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་བྱམས་པ་དང་བརྩེ་བའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་། ཆོས་ལུགས་མཐུན་བསྒྲིལ། བོད་དང་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་བཅས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཕུགས་དགོངས་གསུམ་གྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། འདས་པའི་གཟའ་འཁོར་འགའ་ཤས་རིང་རྒྱ་གར་ཐེ་བའི་འཛམ་གླིང་གི་བརྒྱུད་ལམ་འདྲ་མིན་གྱི་ནང་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་ཁུལ་ཆིབས་བསྒྱུར་སྐྱོང་སྐབས། ༧སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་གསལ་བསྒྲགས་ཤིག་གནང་སྲིད་པའི་སྐོར་གྱི་གནས་ཚུལ་དང་དཔྱད་གཏམ་སྣ་ཚོགས་པ་ཞིག་སྤེལ་ཡོད་པ་རེད། འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་ལྷན་ཚོགས་སྐབས། ད་ལྟ་༧སྐུའི་ཡང་སྲིད་ཐག་གཅོད་བྱེད་པའི་དུས་ལ་བབས་མེད་པ་དང་། ཡང་༧སྐུའི་ཡང་སྲིད་དགོས་མིན་ནི་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་ཡིན་པ་བཀའ་གནང་འདུག། ཡང་རྒྱ་ནག་གི་ངོས་ནས་༧སྐུའི་ཡང་སྲིད་ཐད་ཐེ་ཇུས་བྱེད་སྲིད་པའི་ཐད་དགོངས་ཚུལ་བཀའ་འདྲི་ཞུས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་ཡང་སྲིད་བསྐོ་བཞག་མ་བྱེད་གོང་རྒྱ་ནག་གི་ངོས་ནས་སྔོན་ལ་སྐྱེ་བ་སྔ་ཕྱི་འདོད་མིན་གསལ་པོར་བཟོ་དགོས་ཀྱི་རེད་ཅེས་བཀའ་གནང་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་ནང་མང་ཚོགས་ཁྲི་ཚོ་འགའ་ཤས་ལ་སྒོམ་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་བ། ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱི་ངོ་དེབ།