པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཚོལ་བར་རོགས་པ་བྱེད་རོགས།

2017-05-17
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བཞུགས་སྒར་རྡ་རམ་སཱ་ལར་བོད་མི་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་ལས་འགུལ་སྤེལ་སྐབས། ༢༠༡༧།༥།༡༧
བཞུགས་སྒར་རྡ་རམ་སཱ་ལར་བོད་མི་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་ལས་འགུལ་སྤེལ་སྐབས། ༢༠༡༧།༥།༡༧
སངས་རྒྱས་རྡོ་རྗེ།/RFA

བཞུགས་སྒར་རྡ་རམ་ས་ལ་གཙོས་ས་གནས་མང་པོར་བོད་མི་ཚོས་རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་ད་བར་ལོ་༢༢ སོང་བའི་ཉིན་མོ་དང་བསྟུན་ཏེ་ལས་འགུལ་སྤེལ་ནས་རྒྱལ་སྤྱིའི་ཐོག་ཆུང་སྲིད་རིན་པོ་ཆེ་འཚོལ་རོགས་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༡༧ཉིན་ནི་སྤྱི་ལོ་༡༩༩༥ལོར་རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡམ་ཡུམ་བཅས་བཙན་ཁྲིད་བྱས་ནས་ད་བར་མི་ལོ་༢༢འཁོར་བའི་ཉིན་མོ་ཡིན་པས། རྡ་རམ་ས་ལ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་ལས་འགུལ་སྤེལ་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། ང་ཚོ་བོད་མི་ཚོས་༧གོང་ས་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནི་ཉི་ཟླ་ལྟར་བོད་བརྒྱུད་ནང་བསྟན་གྱི་བླ་སྲོག་དང་། བོད་མི་མང་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་༡༩༨༩ ལོའི་ཟླ་ ༡ ཚེས་ ༢༨ ཉིན་གནས་སྟངས་གསལ་ཁ་མེད་པའི་དོགས་གཞིའི་འོག་གློ་བུར་སྐུ་གཤེགས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ། ཁོང་དགུང་གྲངས་ ༦ ལ་ཕེབས་སྐབས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་མ་ཟད། ཡང་སྲིད་རིན་པོ་ཆེ་མཆོག་བཀྲ་ཤིས་ལྷུན་པོ་དགོན་པར་སློབ་གཉེར་གསན་བཞེས་དང་། ཆོས་ཕྱོགས་ཀྱི་མཛད་འགན་བཞེས་རྒྱུར་རྒྱ་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་འཁོར་དང་བཅས་པ་བཙན་འཁྲིད་བྱས་པ་དང་། འདས་པའི་ལོ་ངོ་ ༢༢ རིང་ཁོང་གར་ཡོད་ཆ་མེད་ཆགས་ཡོད། ཁོང་ནི་འཛམ་གླིང་སྟེང་ཆབ་སྲིད་བཙོན་མ་དགུང་གྲངས་ཆུང་ཤོས་དེ་ཆགས་ཡོད། ཅེས་སོགས་བཀོད་ནས། ཚོགས་པ་ཁག་མཉམ་འབྲེལ་ཐོག་དགོས་འདུན་དོན་ཚན་གཉིས་བཏོན་ཡོད་པ་ནི། དང་པོ། རྒྱ་གཞུང་གིས་སོ་སོའི་དགོས་མཁོ་སྒྲུབ་ཐབས་སུ་སྙིང་རྗེ་མེད་པའི་མནར་གཅོད་གཏོང་བ་སོགས་ཀྱིས་བོད་མི་རིགས་ཀྱི་སེམས་ངོར་རྨ་ཁ་བཟོ་བ་ལས་དུས་ནམ་ཡང་ང་ཚོའི་ལ་རྒྱ་དང་སེམས་ཤུགས་རྡོག་རོལ་དུ་གཏོང་ཐབས་མེད་སྟབས། པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། གནས་སྟངས་གང་འདྲ་ཡོད་པ་འཛམ་གླིང་ལ་གསལ་བོ་བཟོ་དགོས། གཉིས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་ཀློད་གྲོལ་ཡོང་བར་རྒྱབ་སྐྱོར་གནང་དགོས་པ་བཅས་ཀྱི་འབོད་སྐུལ་བྱས་འདུག
དེ་བཞིན་ཉིན་དེར་རྒྱ་གར་གཙོས་ཨ་རི་དང་། ཡོ་རོབ་སོགས་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་ཐོག་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་ལས་འགུལ་སྤེལ་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།