མེ་བསྲེགས་ཀྱི་རྒྱུ་རྐྱེན་རྩད་ཞིབ་དགོས་སྐོར་བསྐྱར་ནན།

༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོས་རང་ལུས་མེ་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་རྩད་ཞིབ་མཐར་ཕྱིན་པ་བྱེད་དགོས་པའི་རེ་སྐུལ་བསྐྱར་ནན་གནང་འདུག
2013-01-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་ཁ་སང་རྒྱ་གར་གྱི་NDTV བརྙན་འཕྲིན་ཁང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་བའི་ལས་རིམ་ནང༌། ༧གོང་ས་མཆོག་གིས་བཀའ་གནང་དོན།  སྔ་ལོ་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དང་པོ་དེ་བྱུང་སྐབས་ངོས་རང་ ཉི་ཧོང་དུ་ཡོད། སྐབས་དེར་ངས་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐོག་རྟོག་ཞིབ་མཐར་ཕྱིན་པ་བྱེད་དགོས་རྒྱུ་དང༌། ཡིད་སྐྱོ་བའི་དོན་རྐྱེན་དེའི་རྒྱུ་མཚན་རྩད་གཅོད་བྱེད་དགོས་ཀྱི་རེད་ཅེས་ནན་སྐུལ་བྱས་པ་ཡིན་ལ། དོན་རྐྱེན་དེའི་རིགས་ཡོང་དགོས་པ་ནི་རྒྱུ་མཚན་ཡོད་པའི་རྟགས་མཚན་ཞིག་རེད་ཅེས་བཀའ་གནང་འདུག

རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་བོད་མི་མི་ཐོག་གཉིས་གསུམ་གྱིས་དཀའ་སྡུག་ཚད་མེད་མྱང་ཡོད་སྐོར་༧གོང་ས་མཆོག་གིས་བཀའ་གནང་ཡོད་པ་དང༌། དེ་ནས་ NDTVབརྙན་འཕྲིན་ཁང་གིས་བོད་ནང་རང་ལུས་མེར་བསྲེགས་གཏོང་རྒྱུ་མཚམས་འཇོག་བྱ་དགོས་རྒྱུའི་འབོད་སྐུལ་གནང་མིན་ཐད་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་བཀའ་ལན་དུ།  གནད་དོན་དེ་ནི་ཆབ་སྲིད་ཀྱི་གནད་དོན་རྣོ་ངར་ཅན་ཞིག་ཡིན་པ་དང༌། བོད་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་ཐོག་མ་རང་ནས་། བྱ་སྤྱོད་དེའི་རིགས་སྤེལ་རྒྱུར་བརྒྱུད་སྐུལ་བྱེད་ཀྱི་མེད་ཅེས་གསལ་པོ་བརྗོད་ཡོད་ནའང༌། དེ་དང་ཆབས་ཅིག་རང་ལུས་མེར་བསྲེགས་བཏང་མཁན་ཚོར་ང་ཚོས་ཐབས་ལམ་འདི་རེད་ཅེས་བརྗོད་ཡག་ཡོད་པ་ཡིན་ན། གཞི་ནས་དེ་འདྲ་བྱེད་རྒྱུ་ཡོག་མ་རེད་ཅེས་ངས་བརྗོད་ཐུབ་ཀྱི་རེད། ངའི་ངོས་ནས་ཁོང་ཚོར་འདི་བྱས་འདི་མིན་བརྗོད་རྒྱུར་འཆར་གཞི་གཞན་པ་གང་ཡང་མེད། དེ་འདྲ་ཡིན་དུས་གནས་ཚུལ་དེ་ཚོ་ཐོས་སྐབས་ངོས་རང་ཧ་ཅང་སེམས་སྐྱོ་པོ་འདུག། སྨོན་ལམ་རྒྱག་གི་ཡོད། དེ་ལས་ལྷག་པ་ངས་གང་ཡང་བྱེད་ཐུབ་ཡག་མི་འདུག་ཅེས་༧གོང་ས་མཆོག་གིས་བཀའ་ལན་སྩལ་བ་དང་ཆབས་ཅིག།  རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གྱི་རྒྱབ་ལ་༧གོང་ས་མཆོག་ཡོད་པའི་སྐྱོན་འཛུགས་ཞུ་གི་ཡོད་པ་དེས་བོད་ནང་གི་དཀའ་ངལ་སེལ་ཐབས་ལ་ཕན་ཐོག་མེད་པ་དང༌། སྐྱོན་འཛུགས་ཞུ་རྒྱུའི་ཚབ་ལ། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་གི་དཀའ་རྙོག་ཐད་བསམ་བློ་གཏིང་གཟབ་གཏོང་དགོས་པའི་སྐུལ་མ་གནང་འདུག།

དེ་བཞིན་NDTV གསར་ཁང་གིས་༧གོང་ས་མཆོག་ལ་རྒྱ་ནག་གི་འགོ་ཁྲིད་གསར་པ་Xi Jinping ལ་ཐུགས་རེ་ཆེ་ལོས་གནང་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། དེའི་སྐོར་གསུང་ཡག་ད་ལྟ་སྔ་དྲག་པ་ཡིན་ནའང། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་དངོས་ཐོག་བདེན་འཚོལ་གྱི་ཐབས་ལམ་བེད་སྤྱད་ནས་བོད་ཀྱི་དཀའ་རྙོག་སེལ་བའི་ཐུགས་རེ་གནང་ཡོད་ཅིང༌། བོད་དེ་བཞིན་རྒྱལ་རབས་ལོ་རྒྱུས་ནང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་རུང༌། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཉིས་སྨན་དབུ་མའི་ལམ་ནས་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་རྩོད་ལེན་གནང་བཞིན་ཡོད་པའི་སྐོར་བཀའ་གནང་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།