རང་སྲེག་གི་ལས་འགུལ་ལ་ཨ་རིས་ཐུགས་འཚབ།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་མཱ་རིའོ་ཨོ་ཊེ་རོ་མཆོག་གིས་བོད་མིས་རང་ལུས་མེར་སྲེག་ཐོག་ཐུགས་འཚབ་ཀྱི་རྣམ་འགྱུར་ཤུགས་ཆེ་བསྟན་གནང་འདུག།
2012-12-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །ཁ་སང་ཕྱི་ཚེས་ ༥ རེས་གཟའ་ལྷག་པའི་ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ (Maria Otero) མཆོག་གིས་བོད་མིས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པ་དེར་ཨ་རིའི་གཞུང་གིས་ཐུགས་འཚབ་ཆེན་པོ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་གནང་བཞག    བསྒྲགས་གཏམ་དེའི་ནང༌། བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་ཚད་ཇེ་མང་དུ་འགྲོ་བཞིན་པ་དེར་ཨ་རིའི་གཞུང་གིས་སེམས་ཚབ་དང་བློ་ཕམ་ཧ་ཅང་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་དོན་རྐྱེན་དེ་དག་འགོག་ཐབས་བྱེད་པའི་སྐབས་སུ། བོད་ནང་ཆོས་དད་དང་སྨྲ་བརྗོད། འདུ་འཛོམས་ཀྱི་རང་དབང་སོགས་ཀྱི་ཐོག་སྔར་ནས་ཡོད་བཞིན་པའི་དམ་བསྒྲགས་ཐོག    དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་ལ། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལ་དམའ་འབེབ་དང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་སྣང་ཆུང་ཁྱད་གསོད་བྱས་པ་སོགས་ལ་བརྟེན། གནས་སྟངས་དེ་བས་ཛ་དྲག་ཏུ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་གནང་འདུག། དེ་བཞིན་ཨ་རི་གཞུང་གི་བསྒྲགས་གཏམ་དེའི་ནང་། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་འབྲེལ་ཡོད་རྒྱ་ནག་གཞུང་གི་དཔོན་རིགས་དང་ལྷན་བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་ཐད་ཀར་གླེང་སློང་གནང་ཡོད་པ་དང༌། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་མིའི་དཀའ་ངལ་སེལ་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་དགོས་པའི་རེ་འདུན་ཡང་ཡང་བཏོན་གནང་ཡོད་པའི་སྐོར་གསུང་བ་དང་སྦྲགས། བོད་ནང་རང་ལུས་མེར་སྲེག་མཚམས་ཆད་པའི་རེ་བ་ཡོདཅེས་གསུང་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།