ཉི་ཧོང་གིས་བོད་དོན་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ།

མ་འོངས་ཉི་ཧོང་གི་སྲིད་བློན་དུ་འདེམས་ཐོན་ཡོང་རྒྱུའི་རེ་བ་ཡོད་པའི་སྲིད་བློན་ཟུར་བ་ཤིན་ཛོ་ཨ་བེ་མཆོག་གིས་སྲོག་རང་གིས་གཅོད་མི་དགོས་བའི་བོད་ཞིག་ཡོང་རྒྱུར་རོགས་རམ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་གསུངས་འདུག
2012-11-13
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་ཚེས་༡༣་ཉིན་ཉི་ཧོང་གི་གྲོས་ཚོགས་འཐུས་མི་༡༣༠ ཙམ་གྱིས་ཉི་ཧོང་གི་གྲོས་ཚོགས་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཤིང། གྲོས་ཚོགས་ཀྱི་འཐུས་མི་དེ་དག་གི་ཁོངས་སུ་ཉེ་ཆར་བསྐྱར་དུ་ཉེ་ཧོང་གི་ཕྱོགས་འགལ་ཚོགས་པ་གཙོ་བོའི་འགོ་འཁྲིད་དུ་འདེམས་ཐོན་བྱུང་བ་ཉེ་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བེ་མཆོག་ཀྱང་ཆེད་བཅར་ཞུས་ཡོད་ཅིང། ༧གོང་ས་མཆོག་གིས་ངས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་བོད་སྤྱི་དང་ལྷག་པར་དུ་བོད་མི་གཅིག་རྗེས་གཉིས་འཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བའི་ཧ་ལས་པའི་ཡིད་སྐྱོའི་དོན་རྐྱེན་འབྱུང་བཞིན་པའི་ས་གནས་ཁག་ཏུ་ཕེབས་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་དང།  གལ་ཏེ་ཕྱིའི་ཡུལ་གྲུ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ས་ཁུལ་དེ་དག་ནང་གི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་བྱས་ཚེ་རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་དངོས་ཡོད་གནས་ཚུལ་ཤེས་རྟོགས་སྲིད་པ་ཞིག་རེད་ཅེས་བཀའ་གནང་འདུག

ཐེངས་རྗེས་མའི་ཉེ་ཧོང་གི་རྒྱལ་ཡོངས་སྲིད་བློན་འོས་བསྡུའི་སྐབས་ཉེ་ཧོང་གི་སྲིད་བློན་དུ་འདེམས་ཐོན་འབྱུང་རྒྱུའི་རེ་བ་ཆེན་པོ་ཡོད་པ་ཉེ་ཧོང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ ཤིན་ཛོ་་ཨ་བེ་མཆོག་གིས་ ཉེ་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཆབ་སྲིད་འབྲེལ་ལམ་གྱི་ཐོག་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་པའི་དོན་རྐྱེན་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་གནང་དགོས་པ་གསུངས་པ་དང།  ཁོང་རང་ཉིད་ཀྱི་ངོས་ནས་བཙན་གནོན་འོག་གནས་པའི་བོད་ནང་གི་བོད་མི་ཚོའི་ཆེད་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་པ་རེད།

ཉེ་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཚོའི་ཐོག་ཁྲིམས་མཐུན་མིན་པའི་དམ་བསྒྲཌ་བྱེད་བཞིན་པའི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་གྱི་སྤྱི་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་གཏོང་དགོས་པའི་སྐུལ་མ་གནང་བཞིན་ཡོད་པའི་སྐྱོན་བརྗོད་ཞུས་ཡོད་པ་རེད།

དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཧོང་ལིས་ ཏཱ་ལའི་བླ་མས་རང་སྲོག་བློས་གཏོང་བྱེད་མཁན་ཚོར་སྐྱོན་བརྗོད་གཏིང་ཟབ་བྱ་རྒྱུའི་ཚབ་ཏུ་ བོད་རང་བཙན་གྱི་དམིགས་ཡུལ་འགྲུབ་ཐབས་སླད་གཞན་གྱི་ལུས་སྲོག་བློས་གཏོང་དགོས་རྒྱུར་སྐུལ་མ་བྱེད་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་དང། ཏཱ་ལའི་བླ་མས་བོད་རང་བཙན་གྱི་དམིགས་ཡུལ་འགྲུབ་ཐབས་སུ་ཉེ་ཧོང་ནང་གཏམ་བཤད་སྤེལ་བ་བརྒྱུད་རྒྱ་ནག་ལ་མི་དགའ་མཁན་ཉི་ཧོང་གཡས་ཐལ་སྡེ་ཁག་དང་མཉམ་འབྲེལ་བྱེད་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

༧གོང་ས་མཆོག་གིས་ལོ་མང་སྔོན་ནས་བོད་རང་བཙན་རྩོད་ལེན་གནང་གི་མེད་པ་ཡོངས་གྲགས་གསལ་བསྒྲགས་གནང་ཟིན་པ་ལྟར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་༧སྐུ་དབང་ཡོངས་རྫོགས་མང་ཚོགས་ནས་འོས་འདེམས་ཞུས་པའི་མི་དམངས་ཀྱི་འགོ་འཁྲིད་ཚོར་རྩིས་སྤྲོད་ཟིན་རྗེས་ད་ལྟའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དབུ་འཁྲིད་པའི་བོད་མིའི་སྒྲོག་འཛུགས་ཀྱི་ངོས་ནས་ཀྱང་བོད་རང་བཙན་རྩོད་ལེན་མི་གནང་པའི་སྲིད་བྱུས་རྒྱུན་འཁྱོངས་གནང་བཞིན་ཡོད་པ་རེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།