རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་ཞོགས་ལྗང་གླེང་བ།
2016.05.04
རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཙོས་ས་གནས་འདྲ་མིན་་ལ་ཞོགས་ལྗང་གླེང་བ་དང་ལས་འགུལ་སྤེལ་འདུག།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། འཛམ་གླིང་གང་སར་གསར་འགོད་པ་དང་རྩོམ་སྒྲིག་པའི་ལས་ཀ་བྱས་པ་ལས་བཙོན་འཇུག་ཉེས་ཆད་དམ། ཡང་ན་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་མི་སྣ་དགུ་ཡི་གནས་ཚུལ་གསལ་ཁ་སྟོན་འདུག
དེ་ཡང་ཕྱི་ཟླ་༥་པའི་ཚེས་༣་ལ་ལོ་ལྟར་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུ་གིན་ཡོད་པ་ལྟར། ཚེས༣ཉིན་མོ་དེ་དང་སྟབས་བསྟུན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། སྤྱིར་བཏང་གསར་འགོད་ལས་རིགས་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་མིན་པ་དེ་ལྟར་ཡང༌། འཛམ་གླིང་གི་ས་ཕྱོགས་གང་སར་སྨྲ་བརྗོད་དང༌གསར་འགོད་རང་དབང་ལ་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་ལྟར། གསར་འགོད་པ་དང་རྩོམ་བྲིས་པའི་ལས་ཀ་བྱས་པའི་རྐྱེན་གྱིས་དམར་གསོད་བཏང་བ་འམ། ཡང་ན་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་བཏང་བའི་གནས་ཚུལ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཧ་ཅང་མང་པོ་ཡོང་གི་ཡོད་པའི་ཁོངས་ནས་ཁ་ས་མི་སྣ་དགུའི་མིང་ཐོ་ཟུར་བཏོན་བྱས་པའི་ནང༌། རྒྱ་ནག་གཞུང་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་བའི་བོད་མི་རྩོམ་པ་པོ་འབྲུག་ལོ་འམ་སྙུག་མིང་ལ་ཞོགས་ལྗང་ཞུ་བ་ཡང་བཀོད་འདུག་པ་མ་ཟད། འབྲུག་ལོ་ལགས་ལ་བཙོན་འཇུག་གི་ཉེས་ཆད་གཏོང་དགོས་པའི་རྒྱུ་མཚན་ངོ་མ་ནི། ཁོང་གིས་དྲ་རྒྱའི་ཐོག་ཆོས་དད་རང་དབང་དང་༧གོང་ས་མཆོག་གི་སྐོར་རྩོམ་བྲིས་སྤེལ་བ་དང༌། དེ་བཞིན་རྒྱ་ནག་ནང་བལྟ་ཀློག་མི་ཆོག་པའི་དེབ་ཅིག་བདག་ཉར་གནང་བར་ཐུག་གི་ཡོད་པ་དང༌། ཁོང་ལ་དེའི་སྔོན་དུ་ཕྱི་ལོ་༢༠༡༠་འི་ལོར་ཡང་དུས་དེབ་ཅིག་གི་རྩོམ་སྒྲིག་པའི་ཕྱག་ལས་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བཀོད་འདུག
ད་དུང་རྡ་རམ་ས་ལར་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་ནས་བོད་ནང་གི་རྩོམ་པ་བོ་ཞོགས་ལྗང་གློད་གྲོལ་གྱི་ཆེད་དུ་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ་ངག་དབང་ཆོས་འཕེལ།