རྒྱ་ནག་གིས་བདེ་སྡུག་ཞུ་གཏུག་པའི་ཐོག་དམ་དྲག་བྱས་འདུག

2017-05-12
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་ཡུལ་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༡༦།༣།༣
རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་ཡུལ་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༡༦།༣།༣
AFP

རྒྱུད་གཅིག་ལམ་གཅིག་ཆེས་མཐོའི་གླེང་སྟེགས་ཞེས་པའི་ཚོགས་འདུ་མ་འཚོགས་པའི་སྔ་ནུབ་ནས་རྒྱ་ནག་གཞུང་གིས་ས་ཁུལ་སོ་སོ་ནས་གོང་རིམ་ལ་བདེ་སྡུག་ཞུ་གཏུག་ཆེད་ཡོང་བའི་ཞུ་གཏུག་པ་ཚོར་དྲག་གནོན་བྱས་འདུག
དེ་ཡང་ཐོབ་ཐང་སྲུང་སྐྱོབ་དྲ་བས་ཟླ ༥ ཚེས ༡༡ སྤེལ་པའི་གནས་ཚུལ་ནང་། རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞེས་པའི་ཚོགས་འདུ་དེ། སྤྱི་ཟླ ༥ ཚེས ༡༤ ནས ༡༥ ཉིན་གཉིས་རིང་པེ་ཅིང་དུ་འཚོགས་འཆར་ཡོད་པ་བཞིན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་སྣ་རིམ་བཞིན་པེ་ཅིང་དུ་འབྱོར་བཞིན་པ་དུས་མཉམ་དུ་རྒྱ་ནག་གི་གཞི་རིམ་ས་ཁུལ་སོ་སོ་ནས་གོང་རིམ་དབུས་ལྷན་ཁང་ཁག་ལ་བདེ་སྡུག་ཞུ་གཏུག་ཆེད་ཡོང་མཁན་ཞུ་གཏུག་པའང་མང་པོ་ཞིག་པེ་ཅིང་དུ་ཡོང་གིན་ཡོད་པས། རྒྱུད་གཅིག་ལམ་གཅིག་ཆེས་མཐོའི་གླེང་སྟེགས་དངོས་སུ་མ་འཚོགས་པའི་སྔ་ནུབ་ནས་རྒྱ་ནག་གཞུང་གིས་ས་ཁུལ་སོ་སོ་ནས་གོང་རིམ་ལ་བདེ་སྡུག་ཞུ་གཏུག་ཆེད་ཡོང་བའི་ཞུ་གཏུག་པ་ཚོར་དྲག་གནོན་བྱས་ཡོད་པ་རེད།
གནས་ཚུལ་ལྟར་ན། སྤྱི་ཟླ ༥ ཚེས ༡༠འི་མཚན་མོར། རྒྱ་ནག་ཧེ་ལོང་ཅང་ཞིང་ཆེན་ནས་ཡོང་བའི་ཞུ་གཏུག་པ་ཞོ་ཧྲོའུ་ཇུན་དང་། ཧོ་པེ་ཞིང་ཆེན་ནས་ཡོང་པའི་ཞུ་གཏུག་པ་ཡེ་ཏེང་ཀྲིན་གཉིས་ཀྱིས་ཡུག་ཨན་མིན་མངག་གཏོང་ཁང་དུ་གྱོད་དོན་ཐོ་འགོད་བྱས་རྗེས་ཁྲོ་ཡང་ས་ཁུལ་གྱི་སྡོད་གནས་སུ་བསླེབས་མ་ཐག ཉེན་རྟོག་པ་གསུམ་ཡོང་ནས་བཙན་དབང་གིས་བཀག་འགོག་དང་ཞིབ་བཤེར་བྱས་རྗེས་བཙན་དབང་གིས་ཉེན་རྟོག་ཁང་དུ་ཁྲིད་ནས་བཀག་ཉར་བྱས་འདུག
དེ་བཞིན་དུ། རྒྱ་ནག་སི་ཁྲོན་དང་། ཧྲང་ཧེ་སོགས་ས་ཁུལ་ནས་ཡོང་བའི་ཞུ་གཏུག་པ་བཅུ་གྲངས་ཤིག་རྒྱུད་གཅིག་ལམ་གཅིག་ཆེས་མཐོའི་གླེང་སྟེགས་མ་འཚོགས་པའི་སྔ་ནུབ་ཏུ་གཏོགས་ཡུལ་ས་གནས་གཞུང་གིས་བཙན་དབང་གིས་འཛིན་བཟུང་བྱས་ནས་ཕྱིར་ཁྲིད་ནས་བཀག་ཉར་བྱས་ཡོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།