གླིང་ཚའི་ཕྱག་དེབ་བོད་ཀྱི་ཞི་བའི་འཐབ་རྩོད་དབུ་འབྱེད་གནང་བ།


2016.11.29
གླིང་ཚའི་ཕྱག་དེབ་བོད་ཀྱི་ཞི་བའི་འཐབ་རྩོད་དབུ་འབྱེད་གནང་སྐབས། ༢༠༡༦།༡༡།༢༨ གླིང་ཚའི་ཕྱག་དེབ་བོད་ཀྱི་ཞི་བའི་འཐབ་རྩོད་དབུ་འབྱེད་གནང་སྐབས། ༢༠༡༦།༡༡།༢༨
བློ་བྷེ།/RFA

གར་སོང་ཆ་མེད་དུ་གྱུར་ནས་ལོ་གསུམ་ལྷག་ཕྱིན་པའི་བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པའི་ཕྱག་དེབ་དེ་དབུ་འབྱེད་གནང་ཡོད་འདུག
དེ་ཡང་ཟླ་འདིའི་སྤྱི་ཚེས་༢༩་ཉིནབཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བལ་ཡུལ་བཙོན་ཁང་ནས་བྲིས་པའི་རྩོམ་ཡིག་ཕྱོགས་བསྡུས་བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པའི་ཕྱག་དེབ་དེ་པར་བསྐྲུན་གནང་བ་ལེགས་གྲུབ་ཟིན་ནས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་འདུག་པ་དང་། སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་གནང་པའི་ཐོག་མའི་ཀུན་སློང་དང་། དམིགས་ཡུལ། འཐབ་རྩོད་ནང་དངོས་སུ་ཞུགས་པའི་རྒྱབ་ལྗོངས་སོགས་བརྒྱུད་ལམ་ཁག་ཏུ་རྒྱུས་ལོན་བྱས་པ་ཡིན་ཞིང་། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་དམིགས་ཡུལ་དང་། སྙིང་སྟོབས་ཧ་ཅང་གི་རླབས་ཆེན་པོ་རེད་འདུག་ཅིང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཞི་བའི་འཐབ་རྩོད་ནང་དེ་འདྲའི་ཀུན་སློང་དང་དམིགས་ཡུལ་འཛིན་མཁན་མང་པོ་ཐོན་ཐུབ་དགོས་པ་དང་། ལྷག་པར་དུ་ཞི་བའི་འཐབ་རྩོད་ནང་ཞུགས་ཐུབ་དགོས་པ་གལ་ཆེན་པོར་མཐོང་གི་ཡོད་ཅེས་གསུངས་འདུག
ཡང་ཁོང་གིས་མུ་མཐུད་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གསུམ་ལྷག་ཕྱིན་ཡོད་སྟབས། དེའི་ཐོག་ལ་འབྲེལ་ཡོད་སོ་སོ་ནས་དོ་སྣང་གནང་གི་ཡོད་པ་རེད་ལ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དང་འཛིན་སྐྱོང་གི་ངོས་ནས་ཀྱང་དོ་སྣང་གནང་བཞིན་ཡོད་པ་དང་། དེ་བཞིན་གནས་ཡུལ་གཞུང་གི་འབྲེལ་ཡོད་ནས་ཀྱང་དོ་སྣང་གནང་བཞིན་ཡོད་ཅེས་སོགས་བརྗོད་འདུག  
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་མཁན་ཞིག་ཡིན་པ་དང་། སྤྱི་ལོ་༢༠༡༢་ལོར་བཞུགས་སྒར་རྡ་ས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་གནང་སྐབས་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་གིས་རྗེས་སུ་གློད་གྲོལ་བྱུང་ཡོད་ཀྱང་། སླར་ཡང་༢༠༡༣་ལོར་གོམ་བགྲོད་ཐེངས་མ་གཉིས་པ་དེ་འགོ་འཛུགས་གནང་ནས་ཉིན་གྲངས་༨༩་ཕྱིན་པའི་རྗེས་ལོ་དེའི་སྤྱི་ཟླ་༦་པའི་ཚེས་༨་ཉིན་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཁོང་གི་བཟའ་ཟླ་དང་ཁོང་གཉིས་ལ་བྱིས་པ་གཉིས་ཡོད་འདུག
མཛད་སྒོའི་སྟེང་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་དང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་གངས་རི་ལགས། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ཚེ་རིང་མཚོ་མོ་ལགས་སོགས་ཕེབས་འདུག     

གསར་འགོད་པ་འཆི་མེད་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎