རྒྱ་ནག་གི་དངོས་ཟོག་ཉོ་སྒྲུབ་མཚམས་འཇོག་དགོས་པའི་རེ་སྐུལ།

བོད་ལ་རང་དབང་ད་ལྟའང་ཐོབ་མེད་པའི་སྐོར་བོད་དོན་རྒྱབ་སྐྱོར་བ་ཇོ་ན་ཐན་ཛི་མཱར་མེན་ཡིས་ཨ་རིའི་གསར་ལམ་ཐོག་རྩོམ་ཡིག་ཅིག་སྤེལ་བ།
2012-04-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎༡༩༨༠བརྒྱ་གྲངས་ནང་བལ་ཡུལ་དུ་ཞི་བདེའི་རུ་ཁག་ནང་དང་བླངས་གནང་ནས་ཕེབས་མཁན་ཨ་རི་བ་ཇོ་ན་ཐན་ཛི་མཱར་མེན་ཡིས་སྐབས་དེར་རང་ཉིད་ཀྱི་རྒྱབ་འཁྱེར་སྟོད་ཕད་སྟེང་དབྱིན་སྐད་ནང་བོད་རང་དབང་(Free Tibet)སྦྱར་གནང་ཡོད་པ་དང༌། ལོ་གཉིས་གོང་ཁོང་བསྐྱར་དུ་བལ་ཡུལ་ལ་ཕེབས་སྐབས་ཁོང་གི་བུ་མོ་ལོ་༡༦ཡིན་པ་ཡིས་ཆུའི་གྱིག་དམ་སྟེང་བོད་རང་དབང་ཞེས་པའི་བརྗོད་ཚིག་སྦྱར་གནང་ཡོད་ནའང༌། ལོ་མང་པོ་དེ་ཙམ་གྱི་རྗེས་བོད་ལ་རང་དབང་ད་ལྟའང་ཐོབ་མེད་པའི་སྐོར་ཇོ་ན་ཐན་ཛི་མཱར་མེན་ཡིས་ཤི་ཁ་གོ་ཏྲི་སྦིའུན་གསར་ལམ་ཐོག་རྩོམ་ཡིག་ཅིག་སྤེལ་གནང་འདུག།
ཁོང་གིས་གསུང་ན། སྔ་ལོ་ནས་བཟུང་བོད་ནང་བོད་མི་༣༠ལྷག་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང༌། ཉེ་དུས་རང་རྒྱ་ནག་གི་སྲིད་འཛིན་ ཧུ་ཅིང་ཏའོ་རྒྱ་གར་ལ་མ་འབྱོར་གོང་བོད་མི་ན་གཞོན་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་ཡོང་རྒྱུར་དགའ་བསུ་མེད་པའི་ངོ་རྒོལ་གནང་བ་དེ་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྣང་མེད་སྐྱུར་འཇོག་གནང་ཡོད་པ་མ་ཚད།
རྒྱ་ནག་ལ་ཁོང་ཁྲོ་མི་སློང་བའི་དོན་དུ་ཧུ་ཅིང་ཏའོ་ལྡི་ལིའི་ནང་སྡོད་ཡུན་རིང་རྒྱ་གར་གྱི་འཛིན་སྐྱོང་དཔོན་རིགས་ཚོས་རྒྱ་གར་ནང་གི་བོད་མིའི་ལས་འགུལ་ཐོག་དམ་བསྒྲཌ་ཤུགས་ཆེ་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཨོ་བ་མ་དང་དེ་མིན་འཛམ་གླིང་གི་དབུ་འཁྲིད་མང་པོ་ཞིག་གིས་དུས་ནས་དུས་སུ་རྒྱ་ནག་ལ་ བོད་ཐོག་དམ་བསྒྲགས་ཆུང་དུ་གཏོང་རྒྱུའི་འབོད་སྐུལ་རིམ་པ་གནང་ཡོད་པར་རྒྱ་ནག་གིས་རྩ་བ་ནས་ཉན་འཇོག་བྱས་མེད་སྟབས། རྒྱ་ནག་བསམ་བློ་གཏོང་དགོས་པ་ཞིག་བཟོ་ཐབས་སུ་ཐབས་ཇུས་གཞན་ཞིག་ཡོད་པ་དེ། རྒྱལ་སྤྱིའི་ཁྱོན་ཡོངས་སུ་ རྒྱ་ནག་ནང་བཟོས་པའི་དངོས་ཟོག་ཉོ་རྒྱུ་མཚམས་འཇོག་གི་ལས་འགུལ་རྒྱ་ཁྱབ་ངང་སྤེལ་དགོས་ཀྱི་ཡོད་སྐོར་ཇོ་ན་ཐན་ཛི་མཱར་མེན་ཡིས་འགྲེལ་བརྗོད་གནང་བཞག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།