རྒྱ་དཀར་ནག་གི་དབུ་ཁྲིད་དབར་མཇལ་འཕྲད་སྟབས་མི་བདེ་བ་ཆགས་སྲིད།


2017.08.03
རྒྱ་གར་གྱི་སྲིད་བློན་(Narendra Modi)་དང་རྒྱ་ནག་གི་སྲིད་འཛིན་(Xi Jinping)་རྣམ་གཉིས། རྒྱ་གར་གྱི་སྲིད་བློན་(Narendra Modi)་དང་རྒྱ་ནག་གི་སྲིད་འཛིན་(Xi Jinping)་རྣམ་གཉིས།
དྲ་བཤུས།

ཟླ་བ་རྗེས་མར་རྒྱ་ནག་ནང་(BRICS)་ཞེས་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་སླེབས་ལ་ཉེ་ཡང་། དེང་སྐབས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་གླེང་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་རྐྱེན་པས་ལྷན་ཚོགས་དེའི་སར་རྒྱ་གར་གྱི་སྲིད་བློན་(Narendra Modi)་དང་། རྒྱ་ནག་གི་སྲིད་འཛིན་(Xi Jinping)་རྣམ་གཉིས་དབར་གྲིབ་གཟུགས་ལྟ་བུའི་མཇལ་འཕྲད་སྟབས་མི་བདེ་བ་ཆགས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རིང་མིན་ཕྱི་ཟླ་༩་པའི་འགོ་སྟོད་དུ་རྒྱ་ནག་གི་ ཞིཡ་མན་(Xiamen)་གྲོང་ཁྱེར་ནང་(Brazil)་དང་། ར་ཤི་ཡ། རྒྱ་གར། རྒྱ་ནག་དང་ལྷོ་ཨ་ཧྥེ་རི་ཀ་བཅས་ལས་གྲུབ་པའི་(BRICS)་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད། འབྲེལ་ཡོད་ཡུལ་ཁག་གི་གཞུང་འབྲེལ་མི་སྣས་རྒྱ་ནག་ངོས་ནས་ཐེངས་འདིའི་ལྷན་ཚོགས་སྐབས་མཐུན་ཚོགས་རྒྱལ་ཁབ་དབར་མཛའ་གྲོགས་དང་མཉམ་འབྲེལ་གྱི་རྣམ་པ་གསལ་འདོན་སླད། ལྷན་ཚོགས་མ་ཚུགས་སྔོན་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྙོག་གླེང་སེལ་རྒྱུའི་འདུན་པ་བཅངས་ཀྱི་ཡོད་གསུངས་འདུག་ཀྱང་དོན་དངོས་སུ་དེ་ལྟར་ཁག་པོ་ཆགས་ཡོད་པའི་སྐོར་རོ་ཨི་ཀྲར་གསར་ལས་ཁང་གིས་དཔྱད་པ་བྱས་འདུག
རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དང་འབྲུག་གི་ས་མཚམས་འབྲོག་ལམ་ཁུལ་དུ་རྒྱ་གར་གཞུང་ནས་རྒྱུ་མཚན་རྫུན་བཟོ་བྱས་ཏེ་ཁུལ་དེའི་ནང་ཁྲིམས་འགལ་གྱི་ཐོག་ནས་རྒྱ་གར་གྱི་དམག་དཔུང་འགྲེམས་འཇོག་བྱས་ལུགས་བསྐྱར་དུ་སྐྱོན་འཛུགས་བྱས་པ་དང་། རྒྱ་ནག་གི་བདག་དབང་དང་ཁེ་ཕན་སྲུང་སྐྱོབ་ཆེད་དགོས་ངེས་ཅན་གྱི་ཐབས་ལམ་ཡོངས་རྗོགས་ལག་བསྟར་བྱ་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་འདུག
རེས་གཟའ་ལྷག་པའི་ཉིན་དེ་རང་ལ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་སྐྱོན་འཛུགས་ལ་ལན་འདེབས་ཀྱི་སྤྱི་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་རྒྱ་ནག་གཞུང་ནས་འབྲུག་ཁུལ་གྱི་འབྲོག་ལམ་ས་མཚམས་ཁུལ་དུ་གཞུང་ལམ་འཛུགས་བསྐྲུན་བྱེད་བཞིན་པ་དེས་ཁུལ་དེའི་ནང་། རྒྱ་ནག་དང་རྒྱ་གར་འབྲུག་དབར་གསུམ་མདོ་ཅན་གྱི་བར་གནས་ས་མཚམས་ཀྱི་གནས་བབ་དང་ངོ་བོར་འགྱུར་བ་ཤུགས་ཆེ་འགྲོ་ངེས་པའི་ཉེན་ཚབས་ཀྱི་གནད་དོན་བསྐྱར་བཤད་གནང་སྟེ་རྒྱ་དཀར་ནག་དབར་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབྲེལ་བ་སྲ་བརྟན་ཡོང་བར་ས་མཚམས་ཁུལ་དུ་ཞི་བདེ་ལྷིང་འཇགས་གནས་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་ནན་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎