ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཆོག་པའི་བཀའ་བཏང་འདུག

2017-03-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྔ་བ་ཕྱོགས་སུ་རྒྱ་ནག་གི་དམག་མི་བསྐྱོད་བཞིན་པ། (ལོ་དུས་མི་གསལ)
རྔ་བ་ཕྱོགས་སུ་རྒྱ་ནག་གི་དམག་མི་བསྐྱོད་བཞིན་པ། (ལོ་དུས་མི་གསལ)
པར་ཚགས།

ཆབ་སྲིད་ཀྱི་ནག་ཉེས་ཕོགས་ཟིན་པའི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཚོ་སྤྱི་ཟླ་གསུམ་པའི་ནང་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཆོག་པ་རྒྱ་ནག་གཞུང་གིས་བཀའ་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན།  དེ་སྔ་༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་ནས་བཟུང་ད་བར་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་ནག་ཉེས་ཕོག་པའི་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཚོ་ཕྱི་ཟླ་གསུམ་པའི་ནང་དགོན་པར་སྡོད་པ་ལས་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཆོག་པ་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ཡོད་འདུག
དམ་དྲག་བཀག་སྡོམ་གྱི་བཀའ་རྒྱ་དེའི་ནང་ཆབ་སྲིད་བཙོན་ཟུར་དང་།  རང་ལུས་མེར་བསྲེག་གི་གནད་དོན་དང་འབྲེལ་བའི་ཐོག་ནས་འཛིན་བཟུང་འོག་ཚུད་པ། དེ་བཞིན་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་བཙོན་བཅུག་བྱས་པ་སོགས་ཚུད་ཡོད་འདུག
དེ་བཞིན་བོད་ནས་གནས་ཚུལ་མཁོ་སྤྲོད་པ་དེས།  འདི་ལོའི་གསུམ་བཅུའི་དུས་དྲན་མ་ཚེས་གོང་ནས་རྒྱ་ནག་གཞུང་གི་མི་སྣས་མངོན་གསལ་དོད་པོ་མེད་པའི་ཐོག་ཆབ་སྲིད་ཀྱི་བཙོན་ཟུར་རྣམས་ཀྱི་གྲ་ཤག་ཏུ་ཡོང་ནས། ཁྱེད་ཚོ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་ལ་ཉེན་ཁ་བཟོ་མྱོང་མཁན་གྱི་མི་སྣ་ཡིན་སྟབས་ ཕྱི་ཟླ་གསུམ་པའི་ནང་དགོན་པའི་ནང་དུ་སྡོད་དགོས་པ་ལས་ས་ཆ་གཞན་དུ་འགྲོ་མི་ཆོག་པ་དང་། དེ་ལྟར་མི་འགྲོ་བའི་ཁས་ལེན་བྱེད་དགོས་པའི་བཀའ་བཏང་སོང་ཅེས་དང་། ད་དུང་རྔ་བའི་ཉེན་རྟོག་ལས་ཁུངས་ནས་ཡིན་ཟེར་ཏེ། ཆབ་སྲིད་ཀྱི་བཙོན་ཟུར་ཁག་ཅིག་ལ་ཁ་པར་འབྱོར་ནས་གསུམ་བཅུའི་དུས་དྲན་ཉིན་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་པའི་བཀའ་བཏང་བ་བཞིན་ཁག་ཅིག་མི་འགྲོ་ཐབས་མེད་བྱུང་ཡོད་འདུག་ལ། ཁག་ཅིག་གིས་སྲིད་གཞུང་གི་མི་སྣས་བཤད་པ་བཞིན་གྲ་ཤག་ཏུ་བསྡད་ཡོད་པས་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་པའི་ནག་ཉེས་གང་ཡང་བྱས་མེད་ཞེས་གསལ་བཤད་བྱས་ནས་རྫོང་ཉེན་རྟོག་ལས་ཁུངས་སུ་མ་ཕྱིན་པའི་གནས་ཚུལ་བྱུང་འདུག  འོན་ཀྱང་ཉེན་རྟོག་ལས་ཁུངས་སུ་མ་འགྲོ་མཁན་ཚོའི་ཐོག་དམིགས་བསལ་གནད་དོན་ལྷག་ཡོད་མེད་གསལ་ཁ་མེད་པ་རེད།
ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་རྒྱ་གཞུང་གིས་རྔ་བ་རྫོང་ཐོག་དང་། ལྷག་པར་དུ་ཀིརྟི་དགོན་པའི་ཕྱི་ནང་དུ་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།