ཨོས་ཊོརོ་ལི་ཡའི་ནང་བོད་དོན་གླེང་སློང་ཡོང་གི་མེད་པར་སྐྱོན་བརྗོད།


2017.09.12
ཨོས་ཊོརོ་ལི་ཡའི་ནང་བོད་དོན་གླེང་སློང་ཡོང་གི་མེད་པར་སྐྱོན་བརྗོད། ༢༠༡༣ལོར་༸གོང་ས་མཆོག་ཨོས་ཊོརོ་ལི་ཡར་ཆིབས་བསྒྱུར་སྐབས།
ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་དྲ་ཚིགས།

༄༅།    །ཨོས་ཊོརོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འདི་ཚེས་ ༡༣ ཉིན་འདོན་སྤེལ་གནང་འཆར་ཡོད་པའི་སྙན་ཐོ་ཞིག་གི་ནང༌། རྒྱ་ནག་གི་གནོན་ཤུགས་འོག་འདས་པའི་ལོ་མང་ནས་བཟུང་རྒྱལ་ཁབ་དེའི་ནང་བོད་ཀྱི་གནད་དོན་སྐོར་གླེང་སློང་ཡོང་གི་མེད་པའི་སྐྱོན་བརྗོད་གནང་ཡོད་འདུག   དེ་ཡང་སང་ཉིན་ཕྱི་ཚེས་ ༡༣ ཉིན་འདོན་སྤེལ་གནང་འཆར་ཡོད་པའི་སྙན་ཐོ་དེའི་ནང༌། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོས་ཊོརོ་ལི་ཡའི་ནང་ཆིབས་བསྒྱུར་ཐེངས་ ༥ བསྐྱངས་གནང་མཛད་ཡོད་ཀྱང༌། ཆིབས་བསྒྱུར་དེ་དག་གི་སྐབས་རྒྱལ་ཁབ་དེའི་སྲིད་བློན་སུས་ཀྱང་༧གོང་ས་མཆོག་མཇལ་འཕྲད་གནང་མེད་པས་མ་ཟད། རྒྱལ་ཁབ་དེའི་དབུ་ཁྲིད་རྣམ་པས་དེང་སྐབས་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་ཡང་གནང་གི་མེད་པའི་རྒྱུ་མཚན་ནི་ཨོས་ཊོརོ་ལི་ཡའི་སྲིད་དོན་ཚོགས་པ་ཁག་ལ་རྒྱ་མི་རིགས་ཀྱིས་དངུལ་གྱི་ཞལ་འདེབས་ཕོན་ཆེན་པོ་སྤྲོད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་དང༌། དེ་བཞིན་ཨོས་ཊོརོ་ལི་ཡའི་མཐོ་སློབ་ཁག་ཏུ་རྒྱ་མིའི་སློབ་ཕྲུག་ཧ་ཅང་མང་པོ་ཡོད་པས་མ་ཟད། མཐོ་སློབ་དེ་དག་ལའང་རྒྱ་མི་རིགས་ཚོས་ཞལ་འདེབས་ཕོན་ཆེ་སྤྲོད་ཀྱི་ཡོད་སྟབས། སྔོན་མ་ལྟར་ཨོས་ཊོརོ་ལི་ཡའི་མཐོ་སློབ་ཁག་ཏུ་བོད་དང་བོད་མིའི་གནད་དོན་སྐོར་རང་དབང་གི་བགྲོ་གླེང་བྱ་རྒྱུར་དྭོགས་གཟོན་ཆེན་པོ་བྱེད་ཀྱི་ཡོད་པ་ནི། རྒྱ་ནག་ལ་ཕོགས་ཐུག་མི་ཡོང་བ་དང༌། དེ་བཞིན་རྒྱ་མི་རིགས་ཀྱི་ཞལ་འདེབས་འགག་ཡོང་བསམ་པའི་བློ་ཚབས་ཀྱི་རྐྱེན་པས་ཡིན་པར་བརྟེན། ད་ནས་བཟུང་ཨོས་ཊོརོ་ལི་ཡ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་འཛེམས་གཟོན་མ་བྱས་པར་མང་གཙོའི་ལམ་ལུགས་དང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པའི་ལངས་ཕྱོགས་འཛིན་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་དབུ་ཁྲིད་རྣམ་པའི་ལྷན་དུ་གྲོས་མོལ་གྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་ཅེས་སོགས་བཀོད་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎