རྒྱ་ནག་གཞུང་གིས་སྒེར་གྱི་མཁས་བའི་ཚོགས་པ་ཁག་ལ་དམ་དྲག


2017.05.05
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦
AFP

རྒྱ་ནག་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་གྱི་གནད་དོན་ཐོག་བློ་འདྲི་བྱ་ཡུལ་མཁས་པའི་སྒེར་གྱི་ཚོགས་པ་ཁག་གཞུང་འབྲེལ་དེབ་སྐྱེལ་ཐོ་འགོད་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་འབྲེལ་གསར་ལམ་གྱིས་སྒྲིག་གཞི་གསར་པ་གཏན་འབེབ་བྱས་པའི་འོག གཞུང་འཛིན་རྒྱ་ནག་དམར་ཤོག་ཚོགས་པས་མཁས་པའི་ཚོགས་སྡེ་ཁག་ཐོག་སྟངས་འཛིན་བྱ་རྒྱུའི་ཐབས་ཤེས་གསར་པ་ཞིག་ཡིན་པ་རེད།
སྲིད་འཛིན་ཞི་ཅིང་ཕིང་གིས། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དང་། མཁས་པའི་ཚོགས་ཆུང་། དགེ་རྩ་ཚོགས་པ་ཁག་གིས་དམར་ཤོག་ཚོགས་པར་མཐོང་ཆེན་དགོས་རྒྱུའི་ལས་དོན་ཐོག་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད་པ་རེད།
ཚེས་༤་ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་འགྲེམས་སྤེལ་བྱས་པའི་རྒྱ་ནག་གཞུང་གི་ཚན་པ་དགུས་མཉམ་འབྲེལ་ཐོག་བཏོན་པའི་སྒྲིག་གཞིའི་ཡིག་ཆ་གསར་པའི་ནང་། ཆབ་སྲིད་དང་དཔལ་འབྱོར་གྱི་གནད་དོན་ཐོག་བློ་འདྲི་བྱ་ཡུལ་མཁས་པའི་ཚོགས་ཆུང་གི་དམིགས་ཡུལ་གཙོ་བོ་དེ། དམར་ཤོག་ཚོགས་པར་རྒྱབ་སྐྱོར་དང་གཞུང་གི་ཐག་གཅོད་ཐད་མཐུན་འགྱུར་རོགས་རམ་བྱེད་རྒྱུ་དེ་རེད་ཅེས་བརྗོད་འདུག
སྒེར་གྱི་གཉེར་བའི་མཁས་པའི་བློ་འདྲི་དང་སློབ་སྟོན་བྱེད་མཁན་ཚོགས་པ་དེ་ཚོའི་རིགས་ཀྱིས་ད་ནས་བཟུང་རྒྱ་ནག་གི་སྤྱི་དམངས་ལས་དོན་ལྷན་ཁང་ལ་དེབ་སྐྱེལ་ངེས་པར་དུ་བྱེད་དགོས་རྒྱུའི་སྒྲིག་གཞི་གསར་པ་བཟོས་པ་དེས། དེབ་སྐྱེལ་མེད་པའི་སྒེར་གྱི་ཚོགས་པ་དེའི་རིགས་ཀྱིས་སླད་ཕྱིན་ལས་དོན་བྱེད་མ་ཆོག་པ་བཟོས་ཡོད་པ་རེད།
རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མཁས་པའི་བློ་བསྡུར་ཚོགས་པ་ཁག་ལ་ཁྲིམས་མཐུན་གྱི་ཆ་རྐྱེན་ཚང་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་ཡིན་པ་གོང་གི་སྒྲིག་གཞི་གསར་པ་དེའི་ནང་འཁོད་ཡོད་པ་མ་ཟད། གཞུང་འབྲེལ་རྟོག་ཞིབ་ཚན་པ་ཁག་གིས། གཞུང་འབྲེལ་དེབ་སྐྱེལ་བྱས་པའི་མཁས་པའི་ཚོགས་པ་ཁག་གི་ཐོག་དུས་ནས་དུས་སུ་ཞིབ་དཔྱོད་དང་དབུས་གཞུང་ལ་ཁོང་ཚོས་ཆོག་མཆན་མེད་པར་ཕྱིའི་རྒྱལ་ཁབ་ནས་རོགས་དངུལ་ལེན་གྱི་ཡོད་མེད་དང་། འབྲེལ་བ་ཡོད་མེད་སོགས་ཁྲིམས་འགལ་གྱི་བྱ་བ་བྱེད་ཀྱི་ཡོད་མེད་སྐོར་གྱི་སྙན་ཐོ་གོང་འབུལ་ཞུ་དགོས་ཀྱི་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎