ཁྲེང་ཀོང་ཁྲེའང་སྨན་ཁང་དུ་གཟུགས་གཞིར་བརྟག་དཔྱད།

རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲན་ཀོང་གྲང་པེ་ཅིན་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་པར་སླེབས་ཡོད་པའི་སྐོར།
2012-05-02
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲན་ཀོང་གྲང་ དེ་རིང་གཟའ་ཕུར་བུའི་ཉིན་རྒྱབ་ཨ་རིའི་དཔོན་རིགས་ཀྱི་ཕེབས་རོགས་འོག་པེ་ཅིན་དུ་ཡོད་པའི་ཧྲའོ་ཡང་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་པར་སླེབས་ཡོད་པའི་སྐོར་ཨ་རིའི་དཔོན་རིགས་ནས་ཕྱིར་བསྒྲགས་བྱས་ཡོད་ཅིང་ དེའི་ཐོག་ནས་གྲན་ཀོང་གྲང་ཨ་རིའི་སྲུང་སྐྱོབ་འོག་ཡོད་པའི་གནས་སྟངས་གསལ་སྟོན་བྱས་ཡོད་པ་རེད་ ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་རྒྱ་ནག་དང་ཨ་རིའི་དབར་མཉམ་་གྲོགས་དང་དཔལ་འབྱོར་གྱི་གྲོས་མོལ་ལྷན་ཚོགས་ཆེད་ གཟའ་ལྷག་པའི་སྔ་དྲོ་པེ་ཅིན་དུ་འབྱོར་གནང་ཡོད་ཅིང་ གནད་དོན་དབྱེ་ཞིབ་པ་མང་ཆེ་བས་  ད་རེས་ཨ་རི་དང་རྒྱ་ནག་གི་དཔོན་རིགས་མཐོ་གྲས་དབར་མཉམ་་གྲོགས་དང་དཔལ་འབྱོར་གྱི་གྲོས་མོལ་མ་བྱས་སྔོན་ གྲན་ཀོང་གྲང་གི་གནད་དོན་ཐག་གཅོད་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ གྲན་ཀོང་གྲང་ཨ་རིའི་གཞུང་ཚབ་ནས་སྨན་ཁང་དུ་བསྐྱོད་པའི་རྗེས་  ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁ་ལིན་ཀྲོན་མཆོག་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་ཅིང་ ལྕམ་ཀི་ལིན་ཀྲོན་མཆོག་ནས་ གྲན་ཀོང་གྲང་གིས་འདས་པའི་ལོ་ཤས་ནང་སྤེལ་བའི་ལས་དོན་ཁག་ལ་གདེངས་འཇོག་བཟང་པོ་གནང་བ་དང་འབྲེལ་ ཁོང་གི་གནད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ རྣམ་འགྱུར་བཏོན་གནང་ཡོད་པ་རེད་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲན་ཀོང་གྲང་གིས་ཀྱང་ ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཁོང་གི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ དགའ་སྤྲོའི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པའི་སྐོར་ཨ་རིའི་དཔོན་རིགས་ནས་འགྲེལ་བརྗོད་གནང་འདུག དེ་དང་ཕྱོགས་མཚུངས་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ ལིའུ་འོད་མིང་གིས་ཀྱང་གཟའ་ལྷག་པའི་ཉིན་རྒྱབ་ཀྱི་གསར་འགོད་ལྷན་ཚོགས་ཐོག་གྲན་ཀོང་གྲང་གི་གནད་དོན་གླེང་སློང་བྱས་ནས་ཨ་རིའི་གཞུང་ཚབ་ཁང་གིས་རྒྱུན་ལྡན་མིན་པའི་ཐབས་ལམ་གྱི་ཐོག་ནས་རྒྱ་ནག་གི་མི་སེར་གྲན་ཀོང་གྲང་ཨ་རིའི་གཞུང་ཚབ་ནང་འཁྲིད་པའི་གནད་དོན་ཐོག་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་བྱ་རྒྱུ་དང་འབྲེལ་ཨ་རི་གཞུང་གི་བྱ་སྤྱོད་དེ་རིགས་ནི་ རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པས་ རྒྱ་ནག་གཞུང་གིས་ཁས་ལེན་བྱེད་ཐབས་མེད་ལུགས་བཤད་ཡོད་པ་རེད་ 

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།