ཁྱིམ་གཞིས་སྲུང་བའི་མཐའ་མཚམས་སྐོར་བསྐྱོད་ལ་བལ་ཡུལ་གྱི་ཡུལ་མིས་བློ་འཚབ།

2017-09-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་དང་ས་འབྲེལ་བལ་བོད་ས་མཚམས། ༢༠༡༧།༩།༡
བོད་དང་ས་འབྲེལ་བལ་བོད་ས་མཚམས། ༢༠༡༧།༩།༡
ས་གནས་ནས་བཏང་བ།

བལ་ཡུལ་གྱི་མཐའ་མཚམས་ནུབ་རི་བོད་དང་ས་འབྲེལ་ས་མཚམས་སུ་རྒྱ་ནག་གཞུང་གིས་ཁྱིམ་གཞིས་སྲུང་བའི་མཐའ་མཚམས་སྐོར་བསྐྱོད་ཅེས་བའི་ལས་འགུལ་སྤེལ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། འདི་ཚེས་༡་ཉིན་བལ་ཡུལ་གྱི་མཐའ་མཚམས་གོར་ཁ་རྫོང་ཁོངས་ཀྱི་ནུབ་རི་ས་གནས་བོད་དང་ས་འབྲེལ་ས་མཚམས་སུ། གུང་ཐང་ཤང་གིས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་སྲུང་བའི་མཐའ་མཚམས་སྐོར་བསྐྱོད་རུ་ཁག་ཅེས་རྒྱ་ནག་གི་དམག་མི་དང་ལས་བྱེད་མི་སྣ་མང་པོ་འབྱོར་ནས་མཐའ་མཚམས་སུ་འཕྲེད་དར་འཕྱར་བ་དང་། རྒྱ་ནག་གི་རྒྱལ་དར་བཙུགས་ནས་ནུབ་རི་སོགས་བལ་ཡུལ་མཐའ་མཚམས་ཀྱི་ཡུལ་མི་ཚོར་ཟས་གོས་འདྲ་མིན་རིན་མེད་དུ་སྤྲད་ཡོད་པ་མ་ཟད། ད་དུང་མཐའ་མཚམས་ཡུལ་མིས་བལ་ཡུལ་གཞུང་ལ་ཆོག་མཆན་ཞུས་བ་ཡིན་ན་ས་གནས་སུ་གཞུང་ལམ་སོགས་འཛུགས་བསྐྲུན་ཡར་རྒྱས་གཏོང་རྒྱུ་ཡིན་པ་བཤད་ཡོད་འདུག
ས་གནས་ཡུལ་མི་ཞིག་གིས་བརྗོད་དོན། བལ་ཡུལ་མཐའ་མཚམས་ནུབ་རིའི་བལ་བོད་ས་མཚམས་ཕྱོགས་སུ་རྒྱ་ནག་གཞུང་གིས་ལོ་ངོ་གཉིས་ཙམ་གྱི་གོང་ནས་གཞུང་ལམ་གསར་བསྐྲུན་གྱིས་ད་ཆ་ས་མཚམས་བར་ཡོངས་སུ་གྲུབ་ཡོད་པ་དང་། ད་ཐེངས་རུ་ཁག་དེ་འདྲ་ས་མཚམས་ལ་ཡོང་ཐོག་རྒྱ་ནག་གི་རྒྱལ་དར་བཙུགས་ནས་ལས་འགུལ་སྤེལ་བ་ཐེངས་དང་པོ་ཡིན་པས། ས་གནས་ཡུལ་མི་ཚོས་བློ་འཚབ་བྱེད་བཞིན་པ་དང་། རིན་མེད་སྤྲོད་བཞིན་པའི་ཅ་དངོས་ལེན་མི་ལེན་གྱི་ཐད་ལ་ཡང་ཡུལ་མི་ནང་ཁུལ་ལ་བསམ་ཚུལ་ཡོང་བཞིན་པ་བརྗོད་བྱུང་།
བལ་ཡུལ་གྱི་མཐའ་མཚམས་གོར་ཁ་རྫོང་ཁོངས་ཀྱི་ནུབ་རི་ནི་བོད་ཀྱི་མཐའ་མཚམས་སྐྱིད་གྲོང་རྫོང་དང་གུང་ཐང་ཤང་སོགས་དང་ས་འབྲེལ་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།