དབང་ཕྱུག་ཚེ་བརྟན་ལགས་ཀྱི་ནང་མིར་དམ་དྲག་བྱེད་བཞིན་འདུག

2017-04-19
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་སྐབས། ༢༠༡༧།༤།༡༥
དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་སྐབས། ༢༠༡༧།༤།༡༥
བོད་འབྱོར།

ཉེ་ཆར་རང་ལུས་མེར་བསྲེག་གཏོང་མཁན་དབང་ཕྱུག་ཚེ་བརྟན་ལགས་ཀྱི་ནང་མིར་རྒྱ་ནག་གཞུང་ཕྱོགས་ནས་དམ་དྲག་ནན་མོ་བྱེད་བཞིན་ཡོད་འདུག
འདི་གར་གནས་ཚུལ་གསར་དུ་འབྱོར་བར་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཡས་མས་ལ་དཀར་མཛེས་རྫོང་ཐོག་ཏུ་ཁམས་ཉག་རོང་ཨ་བསེ་འབྲོང་བཏུལ་ཁུག་ནས་ཡིན་པའི་རང་མོ་༣༩་ཙམ་གྱི་མི་སྐྱ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་དུ་བོད་ནས་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་པར་ལྟར་ན། སྐབས་དེར་ཁོང་གིས་ལུས་ཐོག་ཏུ་མེ་ཤུགས་ཧ་ཅང་ཆེན་པོ་འབར་བའི་ཁྲོད་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པོར་ཤོག་ཅེས་སྐད་འབོད་ཐེངས་ཁ་ཤས་བྱས་ཡོད་པ་དང་། མེ་ལྕའི་ཁྲོད་ཤ་གད་ཀྱིན་ཡོད་པ་ལྟ་བུའི་ཐག་སྒྲ་གྲགས་ཡོད་པ་དངོས་སུ་མཐོང་མཁན་ཀྱིས་བཤད་ཡོད་འདུག མེ་ཤུགས་ཆེན་པོ་འབར་བའི་ཙག་སྒྲའི་ཁྲོད་ཁོང་ཡར་འཁོར་མར་འཁོར་ཐེངས་ཁ་ཤས་བྱས་རྗེས་དེ་མ་ཐག་སྐུ་ལུས་རྒྱ་ནག་ཉེན་རྟོག་པས་ཁྱེར་ཡོད་འདུག་ཅིང་། ཁོང་གསོན་པའི་རེ་བ་མེད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
དོན་རྐྱེན་དེ་བྱུང་རྗེས་ཁོང་གི་སྡེ་བའི་ནང་དུ་རྒྱ་ནག་གི་དམག་མི་འགྲེམས་འཇོག་གིས་སྡེ་མི་གཅིག་ཀྱང་མ་ལུས་པ་ཚོགས་འདུ་བསྡུས་ཏེ་རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་མུས་སུ་ཡིན་པ་མ་ཟད། མ་འོངས་པར་རང་ལུས་མེར་བསྲེགས་ཀྱི་དོན་དག་བྱུང་མི་ཆོག་པ་དང་། ད་རེས་དོན་རྐྱེན་དེ་དང་འབྲེལ་ནས་སྡེ་མི་ཡོངས་ལ་སྲིད་གཞུང་ནས་མཐུན་རྐྱེན་རོགས་རམ་དེ་སྔོན་གང་གནང་གི་ཡོད་པ་དེ་དག་བཀག་འགོག་བྱེད་རྒྱུ་དང་། དེ་བཞིན་སྡེ་པའི་མི་རྣམས་རྫོང་དང་ཡུལ་ཚོ་སོགས་ལ་འགྲོ་མི་ཆོག་པའི་སྐོར་སོགས་བརྗོད་དེ་དམ་དྲག་བྱེད་བཞིན་པའི་གནས་སྟངས་ཡིན་འདུག་ལ། དེ་བཞིན་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། མེར་བསྲེག་གི་གནད་དོན་དེ་དང་འབྲེལ་ནས་ས་གནས་བོད་མི་ཁག་གཅིག་འཛིན་བཟུང་གཅར་རྡུང་བྱས་ཡོད་འདུག
འདི་ག་རླུང་འཕྲིན་ཁང་དུ་གསར་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། རང་ལུས་མེར་སྲེག་གནང་མཁན་དབང་ཕྱུག་ཚེ་བརྟན་ལགས་ཀྱི་ཕ་ཡུལ་དཀར་མཛེས་རྫོང་ཡིན་པ་གསལ་ཡོད་ན་ཡང་། འདིའི་གོང་གི་གནས་ཚུལ་འབྱུང་ཁུངས་ལ་གཞིགས་ན། ཁོང་གི་ཕ་ཡུལ་ཉག་རོང་ནས་ཡིན་པ་གསལ་ཡོད་པས། འདི་ག་རླུང་འཕྲིན་ཁང་ནས་མི་འདྲ་བའི་གནས་ཚུལ་དེ་གཉིས་ཐོག་རྩད་ཞིབ་བྱེད་མུས་ཡིན།
དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་གནང་པར། ཕྱི་ཚེས་ ༡༨ ཉིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། དེའི་ནང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ངོས་ལེན་བྱ་ཐབས་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། སྐད་ཡིག་རང་དབང་དགོས་པ། བོད་མིར་དྲག་གནོན་མཚམས་འཇོག་སོགས་ཀྱི་དགོས་འདུན་བཏོན་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ་དང་། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།