རྒྱལ་དར་མ་སྒྲེང་ན་རི་བསང་ཆེན་མོ་གཏོང་མི་ཆོག

2016-08-05
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དཀར་མཛེས་ཕྱོགས་ཀྱི་ས་ཁྲ།
དཀར་མཛེས་ཕྱོགས་ཀྱི་ས་ཁྲ།
Photo: RFA

རྒྱ་ནག་གི་རྒྱལ་དར་སྒྲེང་འཛུཊ་བྱ་རྒྱུ་ཁས་ལེན་མ་བྱས་པའི་རྐྱེན་ཏྲེ་ཧོར་དར་རྒྱས་ཡུལ་དགོན་གཉིས་ཀྱི་རི་བསང་ཆེན་མོ་བཀག་འགོག་བྱས་འདུག
དེ་ཡང་ཁམས་ཏྲེ་ཧོར་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་པ་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། རྒྱ་ནག་གི་འབྲེལ་ཡོད་ཚན་པས། ཏྲེ་ཧོར་དར་རྒྱས་ཡུལ་དགོན་གཉིས་ཀྱི་རི་བསང་ཆེན་མོའི་སྐབས། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། ཡུལ་དགོན་གཉིས་ཀྱིས་ད་བར་རི་བསང་ཆེན་མོར་རྒྱལ་དར་བཙུགས་པའི་ལུགས་སྲོལ་མེད་པས་དེ་འདྲ་ཡོང་ཐབས་ཡོད་པ་མ་རེད་ཅེས་ཞུས་ཀྱང་རྒྱལ་དར་ངེས་བར་དུ་འཛུགས་དགོས་པ་རེད། གལ་སྲིད་རྒྱལ་དར་མ་བཙུགས་ཚེ་རི་བསང་ཆེན་མོ་དེ་རྩ་བ་གཏོང་ཆོག་གི་མ་རེད་ཅེས་བཙན་བཀའ་བཏང་ནས་བཀག་འགོག་བྱས་ཡོད་འདུག
གནས་ཚུལ་ལྟར་ན། འདི་ལོ་ཡུལ་དགོན་གཉིས་ཀྱིས་ཉི་མ་མང་པོའི་རིང་ལྷ་མོའི་འཁྲབ་སྟོན་དང་། སེང་གེ་འཁྲབ་སྟོན། བཀྲིས་གླུ་གར་འཁྲབ་སྟོན། གྲོང་ཚོ་སོ་སོ་ནས་གཞས་དང་ཞབས་བྲོ་འཁྲབ་རྒྱུ་གྲ་སྒྲིག་ཨང་གསར་བྱས་འདུག་པ་མ་ཚད། རི་བསང་དུས་སྟོན་དེའི་གྲ་སྒྲིག་གི་ཆེད་དུ་རྒྱ་སྒོར་ཁྲི་ཚོ་མང་པོའི་འགྲོ་སོང་བཏང་ཟིན་ཡོད་འདུག
སྤྱིར་འཆར་གཞི་ལྟར་ན། འདི་ལོར་བོད་ཟླ་དྲུག་པའི་ཚེས་༦་སྔ་མ་ཉིན་སྡོད་གུར་སོགས་རྒྱབ་ནས་གྲ་སྒྲིག་དང་། ཚེས་༦་ཕྱི་མ་ཉིན་རི་བསང་བཏང་ཚར་རྗེས་རྟ་རྒྱུག་བྱ་འཕུར་མ་ཟེར་བའི་ལུང་པའི་དམིགས་བསལ་རྟ་རྒྱུ་བྱ་རྒྱུ་དང་། གཞས་དང་ཞབས་བྲོ་འཁྲབ་རྒྱུ། ཚེས་༧་ཉིན་དགོན་པས་ལྷ་མོ་འཁྲབ་རྒྱུ་མ་ཟད་གྲོང་སྡེ་ཞིག་ཡོད་པ་དེས་དམིགས་བསལ་བྲོ་ཆེན་འཁྲབ་རྒྱུ་དང་། དགོན་པའི་བཀྲ་ཤིས་པའི་སེང་གེ་འཁྲབ་རྒྱུ། ཚེས་༨་ཉིན་ཡང་བསྐྱར་ལྷ་མོ་འཁྲབ་རྒྱུ་དང་། དཀར་མཛེས་རྫོང་འགྲམ་དུ་གྲོང་སྡེ་ཁག་གིས་གཞས་དང་ཞབས་བྲོ་འཁྲབ་རྒྱུ། ཚེས་༩་ཉིན་ལྷ་མོ་འཁྲབ་སྟོན་དང་དགོན་པའི་རྒྱལ་བསྟན་དགེ་རྩ་སློབ་གྲྭས་གཞས་དང་ཞབས་བྲོ་འཁྲབ་རྒྱུ་མ་ཟད། རྟ་འགྲོས་མའི་གོམ་འགྲོས་ཀྱི་དུས་ཆེན་ཆེན་པོ་ཞིག་ཡོད་འདུག ཚེས་༡༠་ཉིན་རྒྱུག་རྟའི་འགྲན་སྡུར་བཅས་ཀྱི་འཆར་གཞི་ཡོད་པ་རེད་འདུག
དུས་སྟོན་དེ་ནི་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུག་རྟགས་ཏུ་ལེགས་པའི་ཆེད་དུ། ཁམས་ཏྲེ་ཧོར་དར་རྒྱས་ཡུལ་དགོན་གཉིས་ཀྱི་རི་བསང་ཆེན་མོ་ཟེར་བ་ཞིག་ལོ་ལྟར་བོད་ཟླ་དྲུག་པའི་ཚེས་༦་ཉིན་ནས་འབུལ་སྲོལ་ཡོད་པ་ཆབས་ཅིག ཡུལ་དགོན་གཉིས་ཀྱིས་རྟ་རྒྱུག་བྲོ་གར་སོགས་ཀྱི་དུས་སྟོན་ཆེན་མོ་དེ་འདི་ལོ་ཚུགས་ལ་ཉེ་སྐབས་ཕྱི་ཚེས་༥ཉིན་རྒྱ་ནག་གཞུང་གི་རི་བསང་མཆོད་འབུལ་སོགས་ཀྱི་དུས་སྟོན་དེའི་དགོན་པ་ཆགས་པ་ནས་བཟུང་ལོ་ལྟར་བསང་མཆོད་དང་དུས་སྟོན་དེ་ཞུ་སྲོལ་ཡོད་འདུག་པ་དང་། ༡༩༥༩་ལོར་དགོན་པ་གཏོར་བཤིག་བཏང་བ་དང་ལྷན་དུ་རི་བསང་ཆེན་མོ་དེ་གནས་སྐབས་མེད་པ་ཆགས་འདུག་ཀྱང་རྗེས་སུ་དགོན་པ་གསར་བཞེངས་གྲུབ་རྗེས་དུས་ད་ལྟ་བར་ལོ་ལྟར་རི་བསང་ཆེན་མོ་དེ་མཆོད་འབུལ་དང་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་ཞིག་ཡིན་འདུག
རི་བསང་འབུལ་ས་དེ་གནས་རི་ཧ་ཅང་མཐོ་པོ་དང་རྩ་ཆེན་པོ་ཞིག་ཡོད་འདུག་པ་དང་། གནས་རི་དེར་གཞི་བདག་ཨ་མྱི་རྡོ་འབུལ་ཟེར་བ་ཞིག་ཡོད་འདུག་པ་དང་ཨ་མྱི་རྡོ་འབུལ་ཟེར་བ་དེ་དར་རྒྱས་ཡུལ་དགོན་གཉིས་ཀྱི་བཀའ་སྲུང་གི་གཞི་བདག་ཧ་ཅང་རྩ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་འདུག།

གསར་འགོད་པ་སངས་རྒྱས་རྡོ་རྗེ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།