བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་ལོ་༥༩་འཁོར་བ།

2017-06-16
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དེ་སྔའི་བོད་ཀྱི་བསྟན་སྲུང་དང་བླངས་དམག ༼པར་རྙིང་།
དེ་སྔའི་བོད་ཀྱི་བསྟན་སྲུང་དང་བླངས་དམག ༼པར་རྙིང་།
པར་ཚགས།

མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་མི་ལོ་ ༥༩ འཁོར་བའི་དུས་དྲན་ས་གནས་གང་སར་སྲུང་བརྩི་གནང་འདུག
དེ་ཡང་ཕྱི་ཟླ་ ༦་ཚེས་༡༦་ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ད་བར་མི་ལོ་ ༥༩ འཁོར་བའི་དུས་དྲན་གཞུགས་རྡ་ས་དང་། ལྡི་ལི། བལ་ཡུལ། སྒང་ཏོག སྡེ་ར་ལྡུན། ཨ་རི་སོགས་ས་གནས་གང་སར་སྲུང་བརྩི་གནང་འདུག
བཞུགས་སྒར་རྡ་རམ་ས་ལའི་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ། དེ་སྔ་ཕྱི་ལོ་ ༡༩༥༨ ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་གཅེས་བ་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་འགོ་གཙོ་གནང་སྟེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནས་དཔའ་མཛངས་རྟུལ་ཕོད་ཅན་གྱི་མི་སྣ་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ། ཆུ་སྒང་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་བཙུགས་ནས་ད་བར་མི་ལོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་འདུས་ཡོད་པ་རེད།
མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱི་གཙོས་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། དེ་བཞིན་ཆུ་སྒང་གི་རྒྱུན་ལས་རྣམ་པ་དང་། སེར་སྐྱ་མི་མང་སོགས་འདུ་འཛོམས་གནང་ཡོད་པའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བློ་བཟང་ཚེ་རིང་ལགས་ཀྱིས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བའི་ནང་། མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་ཕར་རྒོལ་ཡ་ལན་རིམ་པར་བཤམས་ཏེ། ཁ་གཏད་གདོང་ལེན་གྱི་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་བསྟན་སྲིད་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་སྐབས་ཀྱང་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པ་བཅས་ལ་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༡༦ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ཁག་གཅིག་ཨ་རིར་བཅར་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྙན་ཞུ་ཕུལ་བ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སོགས་ལ་མཇལ་ཕྲད་ཀྱིས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སོགས་སྤེལ་བར་བསྔགས་བརྗོད་དང་སྦྲགས་མ་འོངས་པར་ཡང་ཞབས་འདེབས་མུ་མཐུད་གནང་དགོས་པའི་སྐུལ་མ་གནང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།