ཧྥ་རན་སི་ནས་བོད་ཀྱི་ཁོར་ཡུག་སྐོར་བགྲོ་གླེང་དང་ལས་འགུལ།


2015.12.09
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ལ་ཧྥ་རན་སོར་བཅར་འདྲིའི་སྐབས། ༢༠༡༥།༡༢།༨ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ལ་ཧྥ་རན་སོར་བཅར་འདྲིའི་སྐབས། ༢༠༡༥།༡༢།༨
ཚེ་བརྟན་བསམ་འགྲུབ་ཆོས་སྐྱབས་པ།

དེ་ཡང་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནང་COP 21ཞེས་པའི་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཚོགས་བཞིན་པ་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་བའི་ཆ་ཤས་སུ། ཁ་ས་འདི་ཟླའི་ཚེས༨ཉིན་གསོལ་མགྲོན་ཁང་ཤིག་གི་ནང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དབུ་བཞུགས་ཐོག མཐོ་སྒང་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་གོ་ལའི་ཁོར་ཡུག་གི་གནས་སྟངས་ཐོག་གལ་གནད་ཆེན་པོ་གང་འདྲ་ཡིན་མིན་དང་། ད་ལྟའི་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སོགས་ཀྱི་ཐད་བགྲོ་གླེང་ཞིག་གནང་ཡོད་འདུག ཕྱི་དྲིལ་བཀའ་བློན་མཆོག་གིས་COP21ལྷན་ཚོགས་ཀྱིས། བོད་ཀྱི་ཁོར་ཡུག་གནད་དོན་དེ་བརྗོད་གཞི་གཙོ་བོར་ངོས་འཛིན་གནང་དགོས་པའི་ལས་འགུལ་སྤེལ་རྒྱུའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་རྣམས་ངོ་སྤྲོད་གནང་འདུག
དེ་བཞིན་ཁ་ས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་གཙང་ཆུ་དང་། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཅེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་གཙང་ཆུ་ཁ་བསྒྱུར་སོགས་མཐོ་སྒང་བོད་ཀྱི་ཡུལ་ལྗོངས་ལ་འགྱུར་བ་གཏོང་བཞིན་པ་དེའི་མཇུག་འབྲས་ངན་པ་ཡོང་བཞིན་པ་རེད་ཅེས་གསུངས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་Matteo Mecacciལགས་ཀྱིས། པེ་རི་སི་ནང་ཁོར་ཡུག་སྐོར་ལྷན་ཚོགས་གནང་བཞིན་པའི་སྐབས་རྒྱ་ནག་གཞུང་དང་། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་གཉན་ཕྲང་ཅན་ཞིག་ཆགས་ཡོད་སྐོར་གསུང་པ་བཞིན། བོད་ཀྱི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཨེ་ཤེ་ཡའི་ཆར་དུས་ལ་འགྱུར་བ་འགྲོ་བ་ཙམ་མ་ཟད། ཡོ་རོབ་ཀྱི་གནམ་གཤིས་ལའང་ཤུགས་རྐྱེན་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་Richard Gereལགས་ཀྱིས་ཀྱང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁོར་ཡུག་ཐོག་ཐུགས་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དེའི་ནང་བོད་ཀྱི་ཁོར་ཡུག་ཀྱང་ཚུད་དགོས་པ་དང་། བོད་ཀྱི་ཁོར་ཡུག་གི་དཀའ་ངལ་སེལ་ཐབས་སུ་བོད་མི་དང་ལྷན་དུ་གྲོས་མོལ་གནང་དགོས་སྐོར་གསུངས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་། ཛ་དྲག་གི་ཐོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་ཕྱོགས་ཀྱི་ལས་དོན་ངོ་སྤྲོད་ཀྱི་ཞིབ་གསལ་རྒྱབ་གཉེར་ཡང་བཀོད་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎