བོད་དོན་ཆེད་གང་བཤད་པ་དེ་ལག་ལེན་བསྟར་རྒྱུའི་དུས་ལ་བབས་ཡོད།


2017.05.03
ཨ་རིའི་ཧྥོ་ལོ་རི་ཌ་(Florida)མངའ་སྡེའི་འཐུས་མི་(Ileana Ros-Lehtinen) 2017/5/2 ཨ་རིའི་ཧྥོ་ལོ་རི་ཌ་(Florida)མངའ་སྡེའི་འཐུས་མི་(Ileana Ros-Lehtinen) 2017/5/2
C-span

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ང་ཚོས་ཆིག་སྒྲིལ་ངང་རྒྱ་ནག་དམར་ཤོག་གི་བྱ་སྤྱོད་ལ་གདོང་ལེན་བྱེད་བཞིན་ཡོད་ཅེས་གྲོས་ཚོགས་སུ་གསུངས་འདུག
དེ་ཡང་འདི་ཚེས་༢་ཉིན། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ཨ་རིའི་མེ་ཤི་གྷན་(Machigan)མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་(James McGovern)དང་། ཧྥོ་ལོ་རི་ཌ་(Florida)མངའ་སྡེའི་འཐུས་མི་(Ileana Ros-Lehtinen) རྣམ་གཉིས་ཀྱིས་གྲོས་ཚོགས་ནང་ཐུགས་ཚོར་ཆེན་པོས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་གཏམ་བཤད་གནང་ཡོད་པ་དང་།
གྲོས་ཚོགས་འཐུས་མི་ལྕམ་ཨི་ལེ་ཡ་ན་ལེ་ཊི་ནེན་ལགས་ཀྱིས། བདག་གི་སེམས་གཏིང་དུ་གནད་དོན་ཧ་ཅང་རྩ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ནས་སྐད་ཆ་འདི་བཤད་འདོད་བྱུང་། དེ་ནི་བོད་མིའི་དཀའ་ངལ་དང་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གནད་དོན་སྐོར་ཡིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་སྐྱབས་བཅོལ་འོག་བཞུགས་དགོས་པའི་གནས་སྟངས་འདི་ནི་བོད་མི་ཚོར་མཚོན་ན་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན། བྱམས་བརྩེ་ལྡན་ཞིང་ཐུགས་སེམས་ཧ་ཅང་བཟང་བའི་སྐྱེས་བུ་འདི་ལྟ་བུ་ཞིག་ལ་རྒྱ་ནག་དམར་ཤོག་ཚོགས་པས་ལོ་ངོ ༦༠ རིང་རང་ཡུལ་དུ་ཕྱིར་ཕེབས་མ་བཅུག་པ་མ་ཟད། བོད་མི་རྣམས་ལ་ཆེད་མངགས་དམ་དྲག་ཅན་གྱི་སྲིད་བྱུས་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ཙམ་ཡང་མ་སྤྲད་པར་མུ་མཐུད་སྡུག་སྦྱོང་མནར་གཅོད་བཏང་བ་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་ཅེས་དང་། དེ་བཞིན་ཁོང་མོས། འཛམ་གླིང་ཡང་ཐོག་ཏུ་གྲགས་པའི་བོད་ནི་ཨེ་ཤེ་ཡའི་གཙང་པོ་གཙོ་ཆེ་ཁག་མང་པོ་ཞིག་གི་འབྱུང་ཁུངས་ཆགས་ཡོད་སྟབས། རྒྱ་ནག་གཞུང་གི་བོད་ནང་བརྟན་ལྷིང་མེད་པའི་གནས་སྟངས་བཟོ་བཞིན་པ་དེས་གཡས་གཡོན་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་དོ་ཕོག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ཅེས་དང་། ཡང་ཁོང་མོས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། བཟོད་པའི་ཉམས་ལེན་བྱེད་སྐབས་རང་གི་བཤེས་གཉེན་མཆོག་དེ་རང་གི་དགྲ་བོ་ཡིན། ཞེས་བཀའ་སློབ་སྩལ་ཡོད། ང་ཚོ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་ཚབ་བྱས་ནས་ཆིག་སྒྲིལ་ངང་རྒྱ་ནག་དམར་ཤོག་གིས་འཇིགས་སྐུལ་གཏོང་བཞིན་པའི་བྱ་སྤྱོད་ལ་གདོང་ལེན་བྱེད་བཞིན་ཡོད། ཅེས་གསུངས་འདུག
ལྕམ་ཨི་ལེ་ཡ་ན་ལེ་ཊི་ནེན་མཆོག་གིས་སྤྱི་ལོ་ ༢༠༠༧ ལོར་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཁྲིམས་འཆར་བཏོན་གནང་བ་རེད།
དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་(James McGovern)ལགས་ཀྱིས། ཕྱི་ལོ་༢༠༠༢ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་བྱས་བ་ལྟར། ངས་གྲོས་ཚོགས་ནང་ཁྲིམས་འཆར་ཨང་HR 1872ཅན་བཏོན་ནས་བོད་ནང་
ཕར་འགྲོ་ཚུར་འོང་གི་རང་དབང་གཅིག་ལན་གཅིག་མཇལ་གྱི་ཚུལ་དུ། རྒྱ་མིའི་དཔོན་རིགས་དང་མི་མང་ཨ་རིའི་ནང་ཡོང་ཆོག་པའི་རང་དབང་ཡོད་པ་བཞིན་ཨ་རིའི་དཔོན་རིགས་དང་མི་མང་བོད་ནང་བསྐྱོད་ཆོག་པའི་ཆ་རྐྱེན་སྐྲུན་དགོས་ཀྱི་རེད་ལ་གལ་སྲིད་༧གོང་ས་མཆོག་བོད་ནང་གཟིགས་སྐོར་ལ་ཕེབས་འདོད་ཡོད་པ་ངེས་པར་དུ་ཕེབས་ཆོག་དགོས་ཀྱི་རེད། དེ་བཞིན་བོད་མི་ཚོར་ཡང་ཕར་འགྲོ་ཚུར་འོང་གི་རང་དབང་དགོས་ཀྱི་རེད་ཅེས་དང་། ང་ཚོའི་ཕྱོགས་ནས་སྲིད་འཛིན་Trump ཡི་གཞུང་གིས་བོད་དོན་འབྲེལ་མཐུད་པ་གསར་པ་གང་མགྱོགས་བསྐོ་གཞག་གིས་བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་གནང་དགོས་ཀྱི་འདུག་ལ་ཨ་རི་གཞུང་གིས་རྒྱལ་ཁབ་གཞན་དང་འབྲེལ་བ་གནང་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་སྒྲིག་འཛུགས་གསར་འཛུགས་དགོས་བ་སོགས་གང་བཤད་པ་དེ་ལག་ལེན་བསྟར་རྒྱུའི་དུས་ལ་བབས་ཡོད་ཅེས་གསུངས་འདུག།

གསར་འགོད་པ་སྟག་ལྷ་རྒྱལ་དང་། ཀརྨ་རྒྱ་མཚོ།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎