ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཚོགས་འདུ་འཚོགས་རྒྱུ་རེད་འདུག


2017.10.05
ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཚོགས་འདུའི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༧།༡༠།༥ ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཚོགས་འདུའི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༧།༡༠།༥
སངས་རྒྱས་རྡོ་རྗེ། /RFA

ཚོགས་འདུ་དེ་བརྒྱུད་དབུ་མའི་ལམ་གྱི་སྲིད་ཇུས་དང་མ་འགལ་བའི་ཐོག་ནས་མ་འོངས་བོད་ཀྱི་འཐབ་རྩོད་ལ་ཐབས་ཇུས་གསར་པའི་ཐོག་བགྲོ་གླེང་བྱ་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་ཕྱི་ཚེས་ ༦ ནས་ ༨ བར་བསྐོང་ཚོགས་གནང་རྒྱུ་ཡིན་ཞིང་། འདི་ཚེས་ ༥ ་རེས་གཟའ་ཕུར་བུའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ཕྱི་ནང་གསར་འགོད་པ་གྲངས་ ༣༠ ་ཙམ་ལ་ལྷན་ཚོགས་འདིའི་དགོས་དམིགས་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
སྲིད་སྐྱོང་མཆོག་གིས། ལྔ་དང་ལྔ་བཅུའི་སྲིད་ཇུས་དེ་ནི་བོད་ཀྱི་རྩ་དོན་ཆེད་འབྱུང་འགྱུར་ལོ་ལྔ་དང་། ཡང་ན་ལོ་ལྔ་བཅུའི་རིང་བཙན་བྱོལ་ནང་མུ་མཐུད་གནས་དགོས་པའི་དབང་དུ་བཏང་སྟེ་གཙོ་བོ་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་དེ་དག་འཚེ་མེད་ཞི་བའི་ལམ་ནས་འགྲུབ་ཐབས་དང་། དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་སྟེ་ ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བོད་རྒྱ་འབྲེལ་མོལ་སླར་གསོ་བྱས་པ་བརྒྱུད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་གསལ་འདོན་གནང་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་པའི་ནང་། ལྔ་དང་ལྔ་བཅུའི་འཆར་སྣང་འགྲུབ་པ་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་སེམས་ཤུགས་དང་ལྷག་བསམ། ཆིག་སྒྲིལ། འདུ་ཤེས་ལ་རག་ལུས་ཡོད་པ་དང་། གཙོ་ཆེ་ཤོས་ནི་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དང་། དེའི་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་སྲ་བརྟན་གནས་ཐུབ་པ་ཙམ་མ་ཟད། ནུས་པ་རིམ་བཞིན་གོང་འཕེལ་གཏོང་གལ་ཆེ་བའི་སྐོར་ནན་སྐུལ་གནང་འདུག
གོང་གསལ་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཁྲོད་ཆབ་སྲིད་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་བརྙན་ཐུང་ཞིག་དབུ་འབྱེད་ཀྱང་གནང་འདུག
གནས་ཚུལ་ནང་གསལ་ལྟར་ན། འཆར་སྣང་ལྷན་ཚོགས་འདིའི་ཐོག་བརྗོད་གཞི་རེ་རེའི་ཐོག་གྲོས་དྲིས་པ་རེ་རེ་གདན་ཞུ་གནང་རྒྱུ་དང་། བརྗོད་གཞི་རེ་རེའི་ཐོག་ཚོགས་བཅར་བ་ཚང་མས་གོ་བསྡུར་ལྷུག་པོ་གནང་ནས་ཚོགས་ཆུང་ཆ་བགོས་ཀྱིས་སླར་ཡང་ཚོགས་ཆུང་སོ་སོའི་ངོས་ནས་བསམ་འཆར་བྱུང་བ་རྣམས་ཕྱོགས་བསྒྲིགས་བྱ་རྒྱུ་དང་། ཕྱི་ཚེས་ ༧ ་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎