བོན་གྱི་དབུ་ཁྲིད་སྨན་རི་ཁྲི་བ་མཆོག་དགོངས་པ་གཤེགས་པར་གཞུང་འབྲེལ་མྱ་ངན།

2017-09-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོན་གྱི་དབུ་ཁྲིད་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་གཤེགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་དང་མྱ་ངན་སྐབས། ༢༠༡༧།༩།༡༥
བོན་གྱི་དབུ་ཁྲིད་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་གཤེགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་དང་མྱ་ངན་སྐབས། ༢༠༡༧།༩།༡༥
བློ་བྷེ།/RFA

བོན་གྱི་དབུ་ཁྲིད་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་གཤེགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་དང་མྱ་ངན་ཞུས་འདུག
ཕྱི་ལོ་༢༠༡༧་ཟླ་༩་ཚེས་༡༤་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥་ཐོག་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣་པ་མཆོག་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་དགོངས་པ་གཤེགས་ཚུལ་བསྟན་འདུག
སྤྱི་ཚེས་༡༥་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་སྨོན་ལམ་གསུང་འདོན་གནང་ཞིང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚེས་ ༡༤ ་ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དགོངས་པ་རྫོགས་པར་བརྟེན། རྗེས་ཤུལ་བླ་བྲང་དང་གཞིས་བྱེས་གཉིས་ཀྱི་མཁན་སློབ་རྣམ་པས་དབུས་འདུས་ཚོགས་དང་། ཕྱི་ནང་ལ་ཡོད་པའི་སློབ་མ་རྣམ་པ་ཡོངས་ལ་བཀའ་ཤག་གི་ཚབ་བྱས་ཏེ་ཐུགས་གསོ་གཏིང་ཟབ་ཞུ་བཞིན་ཡོད་པ་མ་ཟད། ༧སྐྱབས་རྗེ་དམ་པ་མཆོག་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པའི་སྨོན་ལམ་ཤུགས་དྲག་ཞུ་གི་ཡོད། ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས། དེ་སྔོན་སྐྱབས་རྗེ་སྨན་རི་ཁྲི་འཛིན་དམ་པ་མཆོག་ཐེངས་མ་འགའ་ཤས་མཇལ་བའི་སྐལ་བ་བྱུང་ཞིང་། ཁོང་ནི་དུས་རྟག་ཏུ་སྐུ་བག་ཕེབས་དང་། ཐུགས་ཧ་ཅང་སྙོམས་ཆུང་ལ། ཐུགས་གཤིས་བཟང་པོ་དང་། རྟག་ཏུ་དུས་མི་རབས་གསར་པ་ཚོས་འགན་ཁུར་ཡག་པོ་འཁྱེར་དགོས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཕྱག་ལས་ཧུར་ཐག་གནང་སྟེ་བོད་ཀྱི་རྩ་དོན་ཐོག་ཤུགས་རྒྱག་དགོས་པའི་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད། ཅེས་གསུངས་གནང་འདུག
མཆོད་འབུལ་སྨོན་ལམ་གྲུབ་རྗེས། ཉིན་རྒྱབ་ཆུ་ཚོད་ ༢ ་ནས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད།
རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་རབ་༣༠༡་བོད་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ་ ༡༩༢༩ ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་། ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་བླ་མ་ཐར་ཞེས་གསོལ།
སྤྱི་ལོ་༡༩༣༥་ལོར་དགུང་གྲངས་བདུན་ལ་ཕེབས་པའི་སྐབས་སུ་སྐྱང་ཚང་དགོན་དུ་ཐོག་མར་རིག་གནས་སློབ་འགོ་ཚུགས། ༡༩༤༤ ་དགུང་གྲངས་བཅུ་དྲུག་གི་ཐོག་དགའ་མལ་དགོན་གྱི་དཔོན་སློབ་ཤེས་རབ་ཕུན་ཚོགས་མཆོག་གིས་མཚན་ལམ་དང་རྟེན་འབྲེལ་སོགས་ལ་བརྟེན་ནས་མཚན་ལ་ཤེས་རབ་ཚུལ་ཁྲིམས་སུ་གསོལ། དེ་ནས་རིག་གནས་ཁག་ལ་སློབ་སྦྱོང་མཐར་ཕྱིན་པ་སྦྱང་བརྩོན་གནང་སྟེ། སྤྱི་ལོ་༡༩༥༣ ་དགུང་གྲངས་ཉེར་ལྔའི་ཐོག་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས་ཡོད་པ་དང་སྤྱི་ལོ་༡༩༦༠ ་དགུང་གྲངས་སོ་གཉིས་ཐོག་རྒྱ་གར་ཕྱོགས་སུ་ཕེབས་༡༩༦༡ ་དགུང་གྲངས་སོ་གསུམ་ཐོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་དུ་བོད་དང་བོན་གྱི་རིག་གཞུང་འཆད་ཁྲིད་ཀྱི་ཞོར་དུ་དབྱིན་ཇིའི་སྐད་ཡིག་ལ་སྦྱངས་བརྩོན་གནང་སྟེ་ལོ་གསུམ་ཙམ་བཞུགས། ༡༩༦༣ ་དགུང་གྲངས་སོ་ལྔའི་ཐོག་ཕྱིར་རྒྱ་གར་དུ་ཕེབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་སུ་རིར་ཡོད་པའི་བྱེས་འབྱོར་བོད་མིའི་སློབ་གྲྭ་ཐོག་མ་དེའི་དགེ་རྒན་ཆེན་མོར་བསྐོ་བཞག་མཛད་པས། དེ་རྗེས་ནོར་ཝེ་ཨོ་སུ་ལོ་མཐོ་སློབ་ཏུ་ལོ་གཉིས་རིང་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས།         ༡༩༦༨ ་དགུང་གྲངས་བཞི་བཅུའི་ཐོག་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་དང༌། གཙང་སྨན་རིའི་དགོན་གྱི་ཡོངས་འཛིན་རྣམ་གཉིས་ཀྱིས་གཙོས་པའི་ཕྱོགས་མཐའ་ཁག་ནས་འཛོམས་པའི་བོན་གྱི་བླ་སྤྲུལ་རྣམས་ཀྱིས་སྨན་རིའི་ཁྲི་འཛིན་སོ་གསུམ་པར་བོན་སྐྱོང་བཀའ་སྲུང་གི་ལུང་རྟགས་སུ་བབས་པས། རྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཐེབས་ཀྱི་ཁྲི་རུ་མངའ་གསོལ་གྱིས་མཚན་ལ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་སུ་གསོལ་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ་དང་། ཕྲེང་རིང་བསྟན་ནོར།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།