བཀྲ་ཤིས་སྐྱིད་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་གནང་བ།


2015.09.04
བཞུགས་སྒར་དུ་བཀྲ་ཤིས་སྐྱིད་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་གནང་སྐབས། ༢༠༡༥།༩།༤ བཞུགས་སྒར་དུ་བཀྲ་ཤིས་སྐྱིད་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་གནང་སྐབས། ༢༠༡༥།༩།༤
འཇིགས་མེད་སྙན་གྲགས།/RFA

བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་རང་ལུས་མེར་བསྲེགས་མཁན་བཀྲ་ཤིས་སྐྱིད་དམ་པའི་ཆེད་གཞུང་འབྲེལ་མཆོད་འབུལ་གནང་བ།
དེ་ཡང་ཉེ་ལམ་བོད་དོན་ཆེད་བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་བེུད་བཀྲིས་སྐྱིད་ལགས་ཀྱི་ཆེད་དེ་རིང་ཚེས་༤ཉིན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག
ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་ཡོད་པ་དང་། ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུགས་ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་། སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཡོད།
ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ་དངུལ་ར་སྡེ་བ་ནས་ཡིན་པ་བཀྲ་ཤིས་སྐྱིད་ལགས་ཀྱིས། རྒྱ་གཞུང་གིས་བཙན་གནོན་ལ་ངོ་རྒོལ་གྱིས་ཕྱི་ཟླ་༨པའི་ཚེས་༢༧ཉིན། བསང་ཁོག་ཡུལ་ཚོའི་འགྲམ་དུ་ཡོད་པའི་ཁང་པ་དམར་པོ་ཞེས་པའི་མང་ཚོགས་སྡོད་གནས་སར་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དུས་ཡུན་རིང་པོ་མ་སོང་བར་ཡུལ་མི་ཚོས་མཐོང་སྟེ། ཁོ་མོའི་ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་བྱས་ཡོད་ཀྱང་རྗེས་ུ་སྟབས་མ་ལེགས་པར་འདས་གྲོངས་སུ་ཕྱིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ནང་། ཚེས་༢༨ཉིན་གྱི་ཐོ་རེངས་སུ་ས་གནས་རྒྱ་གཞུང་ཉེན་རྟོག་པ་དང་། དམག་མི་མང་པོ་སླེབས་ཏེ་ཁོ་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་རེད། དམ་པ་བཀྲ་ཤིས་སྐྱིད་ལགས་ནི། དགུང་་ལོ་༥༥ཡིན་པ་དང་། བཟའ་ཟླའི་མཚན་ལ་སངས་རྒྱས་དང༌། ཁོང་གཉིས་ལ་ཤུལ་ལུས་བུ་བཞི་ཡོད་པ་ནི། བརྩོན་འགྲུས་རྒྱ་མཚོ་དང༌། སངས་རྒྱས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ། ཡོན་ཏན་རྒྱ་མཚོ་བཅས་དང་། བུ་མོ་གཅིག་ཡོད་པ་དེའི་མིང་ལ་ཀུན་བཟང་སྐྱིད་ཞུ་ཡི་ཡོད་འདུག དེ་བཞིན་དགུང་ལོ་ ༨༠ སོན་པའི་པ་ལགས་ཀྱི་མཚན་བླ་མའམ་ རིས་བླ་ཞུ་ཞིང་། ཨ་མ་འདས་གྲོངས་སུ་གྱུར་ཟིན་ཡོད་འདུག
གནས་ཚུལ་ནང་གསལ་ལྟར་ན། དམ་པ་བཀྲིས་སྐྱིད་ལགས་དེ་སྔ་༢༠༡༠ ཕྱི་ཟླ་༡པའི་ཟླ་མཇུག་ལ་རྒྱ་གར་དུ་གནས་སྐོར་དང་གཉེན་འཕྲད་དུ་ཕེབས་ཡོད་པ་དང་།  ཡང་༢༠༡༢ལོར། རྒྱ་གར་དུ་དཔལ་དུས་ཀྱི་འཁོར་ལའི་དབང་ཆེན་ཞུ་བར་ཕེབས་ཞིང་། དེ་རྗེས་བོད་དུ་ཕྱིར་ལོག་གནང་འདུག
བསང་ཆུ་རྫོང་ནང་དེ་སྔ་ཕྱི་ལོ་༢༠༡༢ལོར་རང་ལོ་༡༨ལ་སོན་པའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་རེས་བཀྲིས་སྐྱིད་ལགས་ནས་རང་ལུས་མེར་བསྲེགས་བཏང་པའི་རྗེས་༢༠༠༩ནས་བཟུང་ད་ལྟའི་བར་བོད་ནང་ཡོངས་གྲགས་སུ་རང་ལུས་མེར་སྲེག་གནང་མཁན་༡༤༣པ་དང་། ལོ་འདིར་རང་ལུས་མེར་བསྲེགས་གནང་མཁན་༧པ་དེ་ཆགས་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎