འཛིན་བྱང་ཟུར་འཇོག་བྱས་བ་མ་གཏོགས་ཡོངས་སུ་རྫོགས་འདུག


2014.10.16
༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས་བོད་མི་ཚོས་ཕེབས་བསུ་གནང་བ། ༢༠༡༤།༣།༥ ༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས་བོད་མི་ཚོས་ཕེབས་བསུ་གནང་བ། ༢༠༡༤།༣།༥
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།
2014-10-16

༧གོང་ས་མཆོག་གི་གསུང་བཤད་ཞུ་བར་བཅར་རྒྱུའི་འཛིན་བྱང་ལམ་སེང་རྫོགས་ཡོད་པ་དང་ཟུར་འཇོག་བྱས་བ་རྒྱན་ཤོག་གི་ལམ་ནས་སྤྲོད་རྒྱུ་ཡིན་འདུག
དེ་ཡང་ཨ་མི་རི་ཀའི་ཤར་ཕྱོགས་ནིའུ་ཇེར་སི་མངའ་སྡེའི་ནང་ཆགས་པའི་Princeton གཙུག་ལག་སློབ་གྲྭ་ཆེན་མོའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༡༠ཚེས་༢༨ཉིན་སྙིང་སྟོབས་འཕེལ་རྒྱས་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་རྒྱུའི་མཛད་འཆར་ཞིག་ཡོད་པ་དང་། གསུང་བཤད་ཞུ་བར་བཅར་རྒྱུའི་འཛིན་བྱང་ཟླ་བ་སྔོན་མའི་ནང་ཐོག་མར་འགྲེམ་སྤེལ་བྱས་སྐབས་དུས་ཡུན་སྐར་མ་འགའ་ཤས་ནང་རྫོགས་ཡོད་པ་མཐོ་རིམ་སློབ་གྲྭ་དེའི་མགྲིན་ཚབ་པ་Martin Mbugua་གསུངས་འདུག སྔ་ས་ནས་མཐོ་རིམ་སློབ་གྲྭས་ཟུར་འཇོག་བྱས་པའི་ཁོངས་ནས་འཛིན་བྱང་ཁག་གཅིག་ཕྱི་ཟླ་༡༠ཚེས་༢༡གྱི་ཕྱི་དྲོ་དྲ་རྒྱའི་ཐོག་ཐོ་གཞུང་བཀོད་སྟེ་རྒྱན་ཤོག་གི་ལམ་ནས་མཁོ་སྤྲོད་གནང་རྒྱུ་དང་། མི་རེ་ནས་འཛིན་བྱང་གཅིག་ལས་མང་བ་ཐོ་བཀོད་མི་ཆོག་པ་དང་། རྒྱན་ཤོག་ཐོབ་མཁན་ཚོར་གློག་འཕྲིན་བརྒྱུད་ལན་བརྡ་སྤྲོད་རྒྱུ་དང་ཕྱི་ཚེས་༢༤ཉིན་འཛིན་བྱང་དངོས་སུ་ལེན་ཆོག་རྒྱུའི་གསལ་བསྒྲགས་བྱས་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མང་ཚོགས་ཀྱི་བཀའ་སློབ་འདི་མཐོ་རིམ་སློབ་གྲྭ་དེའི་དྲ་རྒྱ་བརྒྱུད་ཐད་གཏོང་ཞུ་རྒྱུ་ཡིན་པ་རེད།
ཡང་མང་ཚོགས་ཀྱི་བཀའ་སློབ་གསུང་བཤད་མིན་པའི་མཛད་འཆར་གཙོ་བོ་གཞན་ཞིག་ནི་ Princetonམཐོ་རིམ་སློབ་གྲྭའི་ནང་གི་གྲགས་འདེམས་ཞུས་པའི་སློབ་མ་ཁག་གཅིག་དང་ལྷན་དུ་མཐོ་རིམ་སློབ་གྲྭ་དེའི་རྩ་འཛིན་དམིགས་ཡུལ་རྒྱལ་ཁབ་ཀྱི་དོན་དུ་སྲིད་ཞུ་དང་རྒྱལ་ཁབ་གཞན་ཚང་མའི་དོན་དུ་ཞབས་ཞུ་ཅེས་པའི་བརྗོད་གཞིའི་སྒོ་ནས་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

2014-10-14

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་མི་རིང་བར་ཀེ་ན་ཊ་དང་ཨ་མི་རི་ཀའི་ནང་ཕེབས་ནས་བདུན་ཕྲག་གཉིས་ལྷག་རིང་མཛད་འཕྲིན་སྐྱོང་རྒྱུ་ཡིན་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༠ཚེས་༢༡ནས་ཕྱི་ཟླ་༡༡ཚེས་༤བར་ཀེ་ན་ཌའི་ཁུལ་དང་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༡ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀེ་ན་ཌའི་ནུབ་ཕྱོགས་སུ་ཡོད་པ་ཝན་ཀྱུ་བར་གྲོང་ཁྱེར་གྱི་ནང་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་པ་ཁག་གཅིག་དང་ལྷན་དུ་དཔལ་འབྱོར་དང་ཀླད་རྩ་དང་སེམས་ཁམས་རིག་པ། སྤྱི་ཚོགས་བདེ་དོན་དང་འབྲེལ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཤེས་ཡོན་ཚན་རིག་ཅེས་པའི་བགྲོ་གླེང་གི་ནང་ལྷན་ཞུགས་གནང་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༢༢དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་སྩལ་གནང་རྒྱུ་ཡིན་འདུག
དེ་ནས་ཨ་མི་རི་ཀར་ཆིབས་ཞལ་བསྒྱུར་གནང་གིས། ཕྱི་ཟླ་༡༠ཚེས་༢༥ཉིན་ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་སྦར་མིང་ཧམ་རུ་ཨ་ལ་མ་བྷ་མའི་གཙུག་ལག་སློབ་གྲྭ་ཆེན་མོའི་གོ་སྒྲིག་འོག་ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་རྒྱུ་མཛད་རྒྱུ་དང་། ཕྱི་ཚེས་༢༦ཉིན་གྲོང་ཁྱེར་དེའི་ནང་གི་ཆོས་ལུགས་མི་འདྲ་བ་ཁག་གི་ཆོས་དཔོན་རྣམས་དང་ལྷན་དུ་ཆོས་ལུགས་ཀྱི་རྭ་བ་ལས་བརྒལ་ཅེས་པའི་བརྗོད་གཞིའི་སྒོ་ནས་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་གཏོང་ཐབས་ཐད་ཀྱི་བགྲོ་གླེང་གི་ཚོགས་འདུའི་ཐོག་ཞུགས་གནང་མཛད་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་༢༧ཉིན་ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་སྩལ་གནང་རྒྱུ་ཡིན་འདུག
དེ་ནས་ཨ་རིའི་གྲོང་ཁྱེར་སྦོསི་ཊོན་ནང་དེ་ཁུལ་གྱི་ཝིཡེཏ་ནམ་ནང་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་དང་སེམས་བསྐྱེད་ཀྱི་སྡོམ་པ་བོག་ཆོག་སྩལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༣༡ ཉིན་སེམས་དང་སྲོག་བསྟི་གནས་ཁང་གིས་གོ་སྒྲིག་ལྟར་རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་དང་། ཡང་༧གོང་ས་ཏཱ་ལའི་བླ་མའི་ཡ་རབས་སྤྱོད་བཟང་དང་སེམས་ཀྱི་འགྱུར་བའི་རིན་ཐང་སྦྱོང་བརྡར་བསྟི་གནས་ཁང་ནས་གོ་སྒྲིག་འོག་འཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་ཐབས་བྱ་མཁན་གྱི་རླབས་ཆེན་མི་སྣའི་བགྲོ་གླེང་གི་ཚོགས་འདུའི་ནང་མཉམ་ཞུགས་མཛད་རྒྱུ་ཡིན་འདུག
ཕྱི་༡༡ཚེས་༡ནས་༤བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་མང་ཚོགས་ལ་བཀའ་སློབ་དང་། ཟླ་སྣང་ཞེས་པའི་ཆོས་ཚོགས་དང་བོད་ཁང་སོ་སོ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བྱང་ཆུབ་སེམས་འགྲེལ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་། དྲང་ངེས་ལེགས་བཤད་སྙིང་པོ་བཅས་ཀྱི་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎