༧གོང་ས་མཆོག་གི་འཚམས་འཕྲིན་གྲགས་ཆེའི་གསར་ལམ་དུ་བཀོད་སྤེལ་བྱས་འདུག

2017-09-29
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་མཆོག་གིས་མེཀ་སི་ཀོའི་ནང་ས་ཡོམ་གྱིས་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ་ཡུལ་དེའི་གྲགས་ཆེའི་གསར་ལམ་དུ་བཀོད་པ། ༢༠༡༧།༩
༧གོང་ས་མཆོག་གིས་མེཀ་སི་ཀོའི་ནང་ས་ཡོམ་གྱིས་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ་ཡུལ་དེའི་གྲགས་ཆེའི་གསར་ལམ་དུ་བཀོད་པ། ༢༠༡༧།༩
དྲ་བཤུས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉེ་ཆར་མེཀ་སི་ཀོའི་ནང་ས་ཡོམ་གྱིས་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དེ་ཡུལ་དེའི་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཐོག་བཀོད་སྤེལ་བྱས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་བྱང་ཨ་མི་རི་ཀའི་ནང་སི་པེན་གྱི་སྐད་ཡིག་ཐོག་གི་དུས་དེབ་སྐད་གྲགས་ཆེ་ཤོས་(En Espanol)་གཟའ་འཁོར་རེའི་གསར་འགྱུར་དུས་དེབ་ཟེར་བ་དེས་གཟའ་འཁོར་སྔོན་མར་མེཀ་སི་ཀོའི་ནང་ས་ཡོམ་གྱིས་གོད་ཆགས་བྱུང་བར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དེ་བཀོད་སྤེལ་བྱས་ཡོད་པ་མ་ཟད། འཚམས་འཕྲིན་དེ་བཞིན་ཕྱི་ཚེས་ ༢༩ ་ཉིན་ཡུལ་དེའི་ནང་ས་ཡོམ་གྱི་མྱུར་སྐྱོབ་ལས་དོན་སྐོར་ཆེད་བསྒྲིགས་ཀྱི་ལེ་ཚན་ཞིག་རྩོམ་སྒྲིག་གནང་ཡོད་པ་དེའི་མདུན་ངོས་སུ་བཀོད་ཡོད་པ་རེད།
གཞན་མེཀ་སི་ཀོའི་ནང་ཆེས་རྒྱུགས་ཆེ་བའི་གསར་ཤོག་(Reforma)་ཟེར་བ་དེས་ཀྱང་༧གོང་ས་ཏཱ་ལའི་བླ་མས་མེཀ་སི་ཀོ་ལ་ཐུགས་གསོ་མཛད་པ་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་བཀོད་སྤེལ་བྱས་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ཡང་བཀོད་སྤེལ་བྱས་ཡོད་འདུག
གནས་ཚུལ་ལྟར་ན། བོད་མིའི་དབུ་ཁྲིད་རྣམ་པ་གཉིས་ནས་མེཀ་སི་ཀོར་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་གཉིས་ཀ་མེཀ་སི་ཀོའི་བོད་གནས་ཞེས་པའི་འགན་འཛིན་(Tony Karam)ཡིས་ཡུལ་དེའི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་ཕྱག་དུ་འབུལ་ཡོད་པ་རེད་ལ། (Tony Karam)་ཡིས་སྤྱིར་འཛམ་གླིང་གི་དབུ་ཁྲིད་མང་པོས་མེཀ་སི་ཀོ་ལ་སེམས་གསོ་དང་རྒྱབ་སྐྱོར་གྱི་འཚམས་འཕྲིན་བསྩལ་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་ཐོག་བཀོད་སྤེལ་བྱེད་རྒྱུ་ཧ་ཅང་གི་དཀོན་པོ་ཡིན་པ་རེད།
བོད་མིའི་དབུ་འཁྲིད་རྣམ་པ་གཉིས་ཀྱི་གསུང་འཕྲིན་བཀོད་སྤེལ་གནང་བ་དེ་ནི་ཡུལ་དེའི་ནང་ང་ཚོའི་གྲོགས་པོ་དང་རྒྱབ་སྐྱོར་བ་རྣམས་ཀྱི་གྲུབ་འབྲས་ཤིག་རེད་ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།