༧གོང་ས་མཆོག་གིས་སོག་པོའི་སྲིད་འཛིན་གསར་བར་འཚམས་འདྲི།

2017-07-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་མཆོག་སོག་ཡུལ་དུ། ༢༠༡༦།༡༡།༡༩
༧གོང་ས་མཆོག་སོག་ཡུལ་དུ། ༢༠༡༦།༡༡།༡༩
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་སོག་པོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་(Khaltmaa Battulga)་མཆོག་ཡུལ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་ཕྱི་ཚེས་བཅུའི་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཉེ་ལམ་སོག་པོའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་(Khaltmaa Battulga)་མཆོག་ལ་ཁོང་ཡུལ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་ཅིང་། གསུང་འཕྲིན་དེའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སོག་པོའི་མི་མང་གིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་དད་འདུན་གྱི་བློ་སྤོབས་ལ་བསྔགས་བརྗོད་གནང་བ་དང་སྦྲགས་སོག་ཡུལ་མི་མང་ཀྱིས་དུས་རབས་ཉེར་གཅིག་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ཞིག་བྱ་དགོས་པའི་སྐོར་གྱི་བཀའ་སློབ་བསྩལ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་སོག་པོ་གཉིས་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གི་སྐུ་དུས་ནས་བཟུང་ཐུན་མོང་མ་ཡིན་པའི་འབྲེལ་ལམ་བཟང་པོ་ཡོད་པའི་སྐོར་དང་། ༧གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་སོག་པོའི་མི་རིགས་ཀྱི་ཆོས་དང་། རིག་གནས། འཚོ་བ་སོགས་དང་འབྲེལ་བ་དམ་ཟབ་ཡོད་ལུགས་ནན་བརྗོད་གནང་བ་དང་། སངས་རྒྱས་པའི་ཆོས་ལུགས་ཀྱི་བརྗོད་དོན་གཙོ་བོ་དེ་ནི་བདག་འཛིན་གྱི་ལྟ་བ་དོར་ནས་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་མིའི་རིགས་གཞན་ཕན་གྱི་ཕྱོགས་སུ་འཁྲིད་རྒྱུའི་ལྟ་བ་དེ་ཡིན་རེད་ཅེས་བཀའ་སྩལ་གནང་འདུག
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་དུ་འོས་འདེམས་བྱུང་བའི་སོག་པོའི་སྲིད་འཛིན་གྱི་གཞུང་གསར་པ་དེས་མུ་མཐུད་ནང་པ་སངས་རྒྱས་པའི་རིན་ཐང་ལྟ་ཚུལ་དེར་སྲུང་སྐྱོབ་དང་། རྒྱུན་འཁྱོངས་གནང་རྒྱུ་ཡིན་པར་ཡིད་ཆེས་གཙང་མ་ཡོད་ཅེས་དང་།  སྲིད་འཛིན་སྐུ་ཞབས་(Khaltmaa Battulga)་མཆོག་གིས་སོག་པོའི་མི་དམངས་ཀྱི་རེ་འདུན་ལེགས་པར་འགྲུབ་པའི་ཐུགས་སྨོན་བཅས་ཞེས་ལ་དྭགས་ནས་ཐད་ཀར་གསུང་འཕྲིན་དེ་བསྩལ་གནང་ཡོད་འདུག

གསར་འགོད་པ་དབྱངས་སྒྲོལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།