༧གོང་ས་མཆོག་གིས་ཆུ་ལོག་གི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་གནང་འདུག

2017-08-16
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག 2017/8/10
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག 2017/8/10
སངས་རྒྱས་རྒྱ་མཚོ།/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ནང་རང་བྱུང་གི་གོད་ཆག་བྱུང་བར་ཐུགས་གསོའི་འཚམས་འདྲི་དང་ཛ་དྲག་གི་རོགས་སྐྱོར་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་བརྒྱད་པའི་ཚེས་༡༦ ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༨ ་པའི་ཚེས་༡༦ ་རེས་གཟའ་མིག་དམར་ཉིན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Virbhadra Singh་མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པ་དང་། དེའི་ནང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ས་གནས་(Pathankot-Mandi)་གཞུང་ལམ་ཐོག་ཆར་ཞོད་ཆེན་པོ་འབབ་པའི་རྐྱེན་གྱིས་རེས་གཟའ་སྤེན་པའི་མཚན་མོར་ས་རུད་ཀྱི་གནོད་འཚེ་བྱུང་སྟེ་སྤྱི་སྤྱོད་རླངས་འཁོར་གཉིས་ས་རུད་འོག་ཏུ་ཤོར་ནས་མི་མང་པོའི་ཚེ་སྲོག་ཤོར་བ་དང་། ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པའི་གནས་ཚུལ་བྱུང་བ་དེར་ངོས་རང་བློ་ཕམ་ཧ་ཅང་བྱུང་ཞིང་། རང་བྱུང་གི་གོད་ཆག་འདིའི་ནང་ཚེ་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་དང་སེམས་སྡུག་གིས་མནར་བཞིན་པའི་མི་དམངས་ཡོངས་ལ་ངོས་ཀྱིས་སེམས་གཏིང་ནས་སེམས་གསོ་ཞུ་རྒྱུ་ཡིན།
ཧི་མཱ་ཅལ་མངའ་སྡེ་འདིར་མཚོན་ན། འདས་པའི་མི་ལོ་ ༥༧ ་ལྷག་ཙམ་རིང་ངོས་ཀྱི་ཁྱིམ་ཚང་ལྟ་བུ་ཆགས་ཡོད་པ་བརྟེན་མངའ་སྡེའི་ཡུལ་མི་རྣམས་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཡོང་བཞིན་འདུག རང་བྱུང་གྱི་འཇིག་པ་འདི་ལྟ་བུ་ཞིག་ཡོང་རྒྱུ་ཡིན་པ་སུས་ཀྱང་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་ལ་རྐྱེན་ངན་མ་ཡོང་གོང་ནས་བཟློག་ཐབས་བྱ་རྒྱུ་ཟེར་བ་དེ་བས་དཀའ་ངལ་ཆེ་བ་ཡོད་པ་རེད། འོན་ཀྱང་མ་འོངས་པར་སྔོན་བརྡ་གཏོང་བྱེད་ཀྱི་ཐབས་ལམ་ཞིག་ལག་བསྟར་ཐུབ་པ་ཡིན་ཚེ་རང་བྱུང་གི་གོད་ཆག་འདི་རིགས་ལས་གཡོལ་ཐུབ་རྒྱུར་ཕན་ཐོགས་ཡོང་ངེས་པ་ངོས་འཛིན་གནང་གི་ཡོད་ཅེས་ཐུགས་གསོ་མཛད་ཡོད་པ་མ་ཟད། ༧གོང་ས་མཆོག་མཚན་ཐོག་གི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཛ་དྲག་ངལ་སེལ་རོགས་རམ་ཐེབས་རྩ་ཁང་ལ། ཛ་དྲག་གི་རོགས་སྐྱོར་ཆེད་ཞལ་འདེབས་གསོལ་སྩལ་གནང་ཡོད་པའི་སྐོར་བཀོད་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།