ཐེངས་འདིའི་ཆིབས་བསྒྱུར་དོན་སྙིང་ལྡན་པ་བྱུང་བ་བཀའ་གནང་འདུག


2016.11.23
༧གོང་ས་མཆོག་སོག་ཡུལ་ནས་ཆིབས་ཐོན་སྐབས་གསར་འགོད་པ་དང་མཇལ་བ། ༢༠༡༦།༡༡།༢༣ ༧གོང་ས་མཆོག་སོག་ཡུལ་ནས་ཆིབས་ཐོན་སྐབས་གསར་འགོད་པ་དང་མཇལ་བ། ༢༠༡༦།༡༡།༢༣
OHHDL

༧གོང་ས་མཆོག་གིས་ཐེངས་འདིའི་སོག་ཡུལ་གྱི་ཆིབས་བསྒྱུར་དོན་སྙིང་ལྡན་པ་བྱུང་བ་དང་ཨ་རིའི་སྲིད་འཛིན་འོས་ཐོབ་པར་མཇལ་འདོད་ཡོད་ཞེས་གསུངས་འདུག
དེ་ཡང་འདི་ཚེས་༢༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནས་ཉི་ཧོང་དུ་ཆིབས་ཞལ་མ་བསྒྱུར་གོང་གསར་འགོད་པ་དང་མཇལ་འཕྲད་གནང་སྐབས། ཐེངས་འདིའི་ཆིབས་བསྒྱུར་དོན་སྙིང་ལྡན་པ་ཞིག་བྱུང་ཞེས་བཀའ་གནང་པ་དང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲམཔ་དང་མཇལ་འཕྲད་གནང་འདོད་ཡོད་པ་བཀའ་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དགའ་ལྡན་དགོན་པས་མགྲོན་འབོད་གོ་སྒྲིག་ཞུས་ཐོག་སྲིད་འཛིན་གྱི་ངོས་ནས་དམིགས་བསལ་ཐུགས་ཁུར་བཞེས་གནང་སྟེ། ད་རེས་ཆིབས་བསྒྱུར་བསྐྱངས་གནང་ཐུབ་པ་དེས་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་ཕྲན་བུ་ཞིག་བསྒྲུབ་ཐུབ་ཡོད་པར་ཡིས་ཆེས་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད།
གསར་འགོད་པ་ཞིག་གིས་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐོར་བཀའ་འདྲི་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ནི་འཛམ་གླིང་ནང་གི་མང་གཙོ་དང་རང་དབང་གི་འགོ་ཁྲིད་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པས། འོས་བསྡུའི་གནས་ཚུལ་རྙོག་འཛིང་ཇི་ཙམ་བྱུང་མིན་ལ་མ་བལྟོས་པར་ཨ་རིའི་མི་དམངས་ཀྱིས་འོས་ཤོག་འཕངས་ཟིན་པ་རེད། སྐབས་རེར་འོས་བསྡུའི་སྐབས་འོས་མི་ཚོར་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་རང་དབང་ཆེན་པོ་ཡོད་ཀྱང་། འོས་བསྡུ་ཟིན་པའི་རྗེས་ལས་འགན་ཞིག་འཁུར་དུ་བབས་ཞིང་། དེ་ནས་འོས་ཐོབ་པ་དེས་དངོས་ཡོད་གནས་སྟངས་ལ་དཔག་ནས་རང་ཉིད་ཀྱི་འཆར་སྣང་དང་ལས་དོན་བསྒྲུབ་དགོས་པ་ཆགས་ཀྱི་ཡོད་སྟབས། ང་ལ་སེམས་འཚབ་གང་ཡང་མེད་ཅེས་དང་། ལོ་རྗེས་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་སྟབས། སྐབས་དེར་སྲིད་འཛིན་གསར་པ་དང་མཇལ་འདོད་ཆེན་པོ་ཡོད་ཅེས་བཀའ་གནང་ཡོད་པ་རེད།
གཞན་ཡང་དེ་རིང་གི་གསར་འགོད་ལྷན་ཚོགས་སྐབས། སོག་ཡུལ་ནང་པའི་དབུ་ཁྲིད་ཁཱལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སྐོར་གསལ་བཤད་གནང་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་༢༠༡༡་ལོར་སོག་ཡུལ་དུ་དགོངས་པ་གཤེགས་པའི་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་ཡང་སྲིད་སོག་ཡུལ་དུ་འཁྲུངས་ཟིན་པའི་མཚན་མ་གསལ་པོ་ཡོད་པ་བཀའ་གནང་ཡོད་ཀྱང་ད་ལྟ་སྐུ་ན་ཧ་ཅང་ཕྲ་བས་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུའི་དུས་ལ་བབས་མེད་པ་བཀའ་གནང་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ནི་འཆར་ཅན་ཞིག་ཡིན། ང་ས་ཆ་གང་དུ་ཕྱིན་ཡང་རྙོག་གྲ་འདི་ཡོང་གི་ཡོད་པ་རེད་ཅེས་བཀའ་ལན་བསྩལ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༡་ཚེས་༡༨་ཉིན་སོག་ཡུལ་དུ་ཞབས་སོར་འཁོད་གནང་མཛད་ཅིང་། ཕྱི་ཚེས་༢༢་བར་ཉིན་གྲངས་བཞིའི་རིང་མཛད་འཕྲིན་མང་དག་ཞིག་བསྐྱངས་གནང་གྲུབ་རྗེས་དེ་རིང་ཕྱི་ཚེས་༢༣་ཉིན་གྱི་སྔ་དྲོ་སོག་ཡུལ་ནས་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎