ཞི་བདེ་འཆམ་མཐུན་ངང་གནས་ཐུབ་ཐབས་བྱེད་དགོས་པའི་བཀའ་བསྩལ་འདུག

2017-07-17
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ། ༢༠༡༧།༧།༡༦
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ། ༢༠༡༧།༧།༡༦
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཁུལ་གྱི་མི་མང་ཚོར་མཐུན་སྒྲིལ་ངང་གནས་དགོས་ལུགས་བཀའ་སློབ་བསྩལ་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་མཛད་འཕྲིན་བསྐྱོང་བཞིན་ཡོད་པ་ནས། ཚེས་བཅུ་དྲུག་གཟའ་ཉི་མའི་ཉིན་ས་མཚམས་ཟངས་དཀར་ཁུལ་ཞབས་སོར་འཁོད་དེ་ཁུལ་དེའི་ནང་གསར་དུ་བཙུགས་པའི་གསོ་བ་རིག་པའི་ཉམས་ཞིབ་ཁང་དང་འཕྲོད་བསྟེན་སྨན་ཁང་ཞིག་དབུ་འབྱེད་གནང་ཡོད་འདུག
སྐབས་དེར་དེར་འདུས་ཁ་ཆེ་བ་དང་ནང་པ། དེ་བཞིན་ཧིན་རྡུ་ཆོས་བྱེད་པ་སོགས་མི་མང་ཚོར་བཀའ་སློབ་སྩལ་གནང་བའི་ནང་། དེང་སང་འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་ཐོག་ཕན་ཚུན་འཁོན་འཁྲུག་ཡོང་གི་ཡོད་ཀྱང་། རྒྱ་གར་རྒྱལ་ཁབ་ནང་ཆོས་ལུགས་དང་མི་རིགས་འདྲ་མིན་མང་པོ་ཞིག་གནས་སྡོད་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར་ཞི་བདེ་ལྷིང་འཇགས་མཉམ་གནས་ཐུབ་པ་དེ་ནི་ཧ་ཅང་བསྔགས་བརྗོད་འོས་པ་རེད་ལ། ཁྱེད་རང་ཟངས་དཀར་མི་མང་ཚོ་ཡང་ཆོས་ལུགས་དང་རིག་རུས་དབྱེ་འབྱེད་སོགས་ཀྱི་ལམ་ནས་འཁོན་འཛིང་མ་ཡིན་པར་ཞི་བདེ་འཆམ་མཐུན་ངང་གནས་ཐུབ་ཐབས་བྱེད་དགོས་ཞེས་བཀའ་སློབ་སྩལ་གནང་འདུག
དེ་དང་ཕྱོགས་མཚུངས་ནང་པའི་ཆོས་ཉམས་ལེན་བྱེད་མཁན་ཚོས་ནང་ཆོས་ཀྱི་སྙིང་པོ་སློབ་སྦྱོང་བྱེད་དགོས་ལུགས་གསུངས་འདུག
མཛད་འཆར་གཞིར་བཟུང་ལྟར་ན། འདི་ཚེས་༡༧་དང་ཚེས་བཅོ་བརྒྱད་ཉིན་གྲངས་གཉིས་རིང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་གནང་རྒྱུ་དང་། དེ་བཞིན་རྒྱལ་མཆོག་སྐུ་ཕྲེང་གཉིས་པས་མཛད་པའི་སྙིང་པོ་དོན་གསུམ་གྱི་ལུང་། སྨན་བླའི་རྗེས་སྣང་བཅས་ཆོས་འབྲེལ་གནང་གི་ཡོད་འདུག དེ་ནས་འདི་ཚེས་ཉི་ཤུ་བརྒྱད་ནས་སུམ་ཅུ་བར་ལ་དྭགས་སླེ་རུ་མང་ཚོགས་ལ་ཆོས་འབྲེལ་གནང་རྒྱུ་ཡིན་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།