ནང་ཆོས་གལ་ཆེར་ངོས་འཛིན་གནང་བཞིན་པར་བསྔགས་བརྗོད།


2014.04.17
༢༠༡༤།༤།༡༦ཉིན་༧གོང་ས་མཆོག་གིས་ཉི་ཧོང་ལ་ཡོད་པའི་རྒྱ་མི་རིགས་ཁག་ཅིག་མཇལ་འཕྲད་གནང་སྐབས། ༢༠༡༤།༤།༡༦ཉིན་༧གོང་ས་མཆོག་གིས་ཉི་ཧོང་ལ་ཡོད་པའི་རྒྱ་མི་རིགས་ཁག་ཅིག་མཇལ་འཕྲད་གནང་སྐབས།
པར། སྐུ་སྒེར་དྲ་བ།

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ནང་ཆོས་གལ་ཆེར་ངོས་འཛིན་གནང་བཞིན་པར་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་འདུག
དེ་ཡང་སྤྱི་ཚེས༡༦ཉིན་༧གོང་ས་མཆོག་གིས་ཉི་ཧོང་ལ་ཡོད་པའི་རྒྱ་མི་རིགས་ཁག་ཅིག་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་གོང་ས་མཆོག་གིས་དེང་སང་རྒྱ་ནག་ནང་ནང་པའི་ཆོས་དད་པ་མི་གྲངས་ས་ཡ་༣༠༠ལྷག་ཡོད་པ་དང་། ད་ཆ་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ནང་ཆོས་གལ་ཆེར་ངོས་འཛིན་གནང་བཞིན་པ་དེས་རྒྱ་ནག་གི་མི་རབས་ལྔ་པས་དེར་ལྟར་ངོས་འཛིན་གནང་བཞིན་པ་ཡིན་པའི་བསྔགས་བརྗོད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་ཚོང་པ་༣༠ཙམ་མཇལ་འཕྲད་གནང་བའི་སྐབས། ༧གོང་ས་མཆོག་གིས་རྒྱ་གར་ནང་ཆོས་ལུགས་ཆེ་ཁག་ཚང་མ་མཉམ་གནས་བྱེད་བཞིན་པ་དེར་བསྔགས་བརྗོད་དང་སྦྲགས་མགོན་པོ་གང་ཉིད་འདས་པའི་མི་ལོ་༥༥འི་རིང་བཞུགས་ནས་ད་ཆ་རྒྱ་གར་ནང་རང་ཁྱིམ་ལྟ་བུ་དང་རྒྱ་གར་གྱི་མི་ཞིག་ཡིན་པའི་འདུ་ཤེས་ཡོད་པ་དང༌། ནང་ཆོས་ཀྱི་ཤེས་ཡོན་ཡང་དཔལ་ན་ལེནྜིའི་ལྟ་གྲུབ་ཉམས་ལེན་གནང་གི་ཡོད་ཅེས་དང་། གལ་སྲིད་བཅོམ་ལྡན་འདས་བཞུགས་ཡོད་ན། ཁོང་ཉིད་ཚན་རིག་པ་ལྟ་བུར་ངོས་འཛིན་གྱིས་རྗེས་འཇུག་ཚོས་ནང་སེམས་ལ་ཞིབ་འཇུག་བྱ་དགོས་སྐོར་གསུངས་ཡོད་པ་རེད། ད་དུང་ཚོང་པ་ཚོས་ཀྱང་སྤྱི་ཚོགས་ཀྱི་བདེ་དོན་ཐད་འགན་ཁུར་དགོས་ལུགས་བཀའ་གནང་འདུག

ཕྱི་ཚེས་༡༧ཉིན་༧གོང་ས་མཆོག་གིས་ཆོས་འབྲེལ་གསུང་ཆོས་སྐབས
ཕྱི་ཚེས་༡༧ཉིན་༧གོང་ས་མཆོག་གིས་ཆོས་འབྲེལ་གསུང་ཆོས་སྐབས

ཕྱི་ཚེས་༡༧ཉིན་༧གོང་ས་མཆོག་གིས་ཆོས་འབྲེལ་གསུང་ཆོས་སྐབས་བྱམས་བརྩེ་ནི་ཆོས་ཁས་ལེན་མཁན་དང་། མི་ལེན་མཁན། རང་གཞན་གྱི་སྤྱི་ཚོགས་ཡོངས་ལ་དགོས་གལ་ཆེ་བ་ཡིན་པ་བཀའ་གནང་འདུག ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་བཙོན་པ་རྣམས་ལ་སློབ་གསོའི་ལས་འགུལ་སྤེལ་གནས་ལོ་ངོ་༥༠་འཁོར་བའི་དུས་དྲན་མཛད་སྒོར་བཅར་གནང་སྟེ་དེར་ཡོད་དགེ་འདུན་པ་མི་གྲངས་༢༥༠་དང་ལྷན་དུ་འགྲོ་བ་མིའི་བཟང་སྤྱོད་སྐོར་ལ་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། དགེ་འདུན་པ་རྣམས་ཀྱིས་ལོ་ངོ་ལྔ་བཅུའི་རིང་བཙོན་པ་རྣམས་ལ་སློབ་གསོའི་ལས་འགུལ་སྤེལ་གནང་བ་ནི་ཡི་རང་བསྔགས་བརྗོད་ཞུ་འོས་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན། ངོས་རང་འཛམ་གླིང་ས་ཕྱོགས་གང་དུ་བསྐྱོད་ཀྱང་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད་། འཛམ་གླིང་ནང་མི་འབོར་འཐེར་འབུམ་བདུན་ཡོད་པ་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད་། ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྲུན་རྒྱུའི་ནུས་པ་ཡང་ཡོད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱམས་བརྩེ་དང་། བཟོད་བསྲན། ཆོག་ཤེས་སོགས་མིའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་བཏང་བ་བརྒྱུད་ནས་ཡོང་དགོས་པ་རེད་ཅེས་སོགས་བཀའ་གནང་འདུག
ཚེས༡༧ཉིན་ནི་༧གོང་ས་མཆོག་གིས་ཐེངས་འདིའི་ཉི་ཧོང་གི་ཆིབས་བསྒྱུར་མཛད་འཆར་མཐའ་མ་དེ་ཡིན་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎