༧གོང་ས་མཆོག་གིས་རྒྱ་གར་མ་ནི་པུར་ནང་གི་མཛད་འཕྲིན་ལེགས་པར་གྲུབ་འདུག


2017.10.19
༧གོང་ས་མཆོག་གིས་རྒྱ་གར་མ་ནི་པུར་(Manipur)་མངའ་སྡེའི་(Convention)་ཚོགས་ཁང་ཆེན་མོའི་ནང་བཀའ་སློབ་གནང་སྐབས། ༢༠༡༧།༡༠།༡༨ ༧གོང་ས་མཆོག་གིས་རྒྱ་གར་མ་ནི་པུར་(Manipur)་མངའ་སྡེའི་(Convention)་ཚོགས་ཁང་ཆེན་མོའི་ནང་བཀའ་སློབ་གནང་སྐབས། ༢༠༡༧།༡༠།༡༨
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་མ་ནི་པུར་གྱི་རྒྱལ་ས་(Imphal)་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
དེ་ཡང་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་མ་ནི་པུར་ནང་གི་(Convention)་ཚོགས་ཁང་ཆེན་མོའི་ནང་འདི་ཚེས་༡༨་ཉིན་མི་གྲངས་༧༠༠་བརྒལ་བར་བླང་དོར་བཀའ་སློབ་སྩལ་གནང་མཛད་སྐབས་བོད་ཀྱི་གཙང་པོ་དེ་དག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་གཙང་པོ་རྒྱུག་ཡུལ་གཤམ་འོག་ཡུལ་གྲུ་ཚོར་ཡོད་པ་རེད་ཅེས་བཀའ་གནང་འདུག
ཐོག་མར་མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་(Yumnand Khemchand Singh)་མཆོག་གིས། མ་ནི་པུར་མངའ་སྡེའི་གཞུང་མང་ཡོངས་ནས་བོད་ཀྱི་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་བའི་གསུང་བཤད་གནང་རྗེས། ༧གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང་། དེང་སྐབས་འགྲོ་བ་མིར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོས་པའི་དཀའ་ངལ་ཆགས་ཡོད་ཅིང་། དེའི་རྒྱུ་མཚན་ནི་ང་ཚོས་སེམས་ཚོར་ཙམ་གྱི་རྗེས་སུ་འབྲང་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བཀོལ་སྤྱོད་མ་ཐུབ་པར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད།
དེང་སྐབས་གོ་ལ་སྤྱི་ལ་འཕྲད་བཞིན་པའི་ཁོར་ཡུག་གི་དཀའ་ངལ་ལྟ་བུ་གླིང་ཆེན་དང་རྒྱལ་ཁབ་ཀྱི་ས་མཚམས་གང་ཡང་མེད་པར་འགྲོ་བ་མི་རིགས་ཀུན་ལ་ཐུན་མོང་དུ་འཕྲད་བཞིན་པའི་དཀའ་ངལ་ཡིན་པ་དང་། གླིང་ཆེན་དང་རྒྱལ་ཁབ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་གནས་བྱེད་དགོས་པའི་དུས་ཚོད་ལ་སླེབས་ཡོད་པ་དང་། རྙོག་དྲ་དང་དཀའ་ངལ་དེ་དག་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་དྲག་པོའི་སྟོབས་ཤུགས་ཐོག་ནས་རྙོག་དྲ་སེལ་ཐབས་མེད་སྐོརབཀའ་སློབ་སྩལ་བ་དང་སྦྲགས་རྒྱ་གར་མི་མང་ཚོས་རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ལ་དོ་སྣང་བྱེད་དགོས་སྐོར་བཀའ་སློབ་སྩལ་གནང་མཛད་འདུག
དེ་བཞིན་༧གོང་ས་མཆོག་གིས། དེང་དུས་ཤེས་ཡོན་ལམ་ལུགས་དེ་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་དང་དྲག་པོའི་སྟོབས་ཤུགས་ལ་དམིགས་ནས་འགྲོ་བཞིན་ཡོད་ནའང་རྒྱ་གར་གནའ་རབས་སྲོལ་རྒྱུན་ལམ་ལུགས་ནང་གཙོ་བོ་ནང་གི་གཤིས་རྒྱུད་འདུལ་ཐབས་དང་། དེའི་ཐོག་ནས་སེམས་ནང་ཞི་བདེ་བསྐྲུན་ཐབས་བྱེད་བཞིན་ཡོད་པའི་ལེགས་བཤད་དེ་དག་ད་ལྟའི་འཛམ་གླིང་གི་གནས་སྟངས་ལ་ཧ་ཅང་འཚམ་པོ་ཡོད་སྐོར་བཀའ་གནང་འདུག
བཀའ་སློབ་རྗེས་དྲི་བ་དྲི་ལན་ཞུས་པའི་སྐབས་དེར། བོད་ཀྱི་ཁོར་ཡུག་དང་མ་ནི་པུར་མངའ་སྡེའི་ནང་གི་རྙོག་དྲ་ཁག་གི་དྲི་བར་བཀའ་ལན་སྩལ་དོན། བོད་མཐོ་སྒང་ས་མཐོ་བར་བརྟེན་ཁོར་ཡུག་ཉམ་ཆག་འགྲོ་སླ་བ་དང་། ཨེ་ཤེ་ཡའི་གཙང་པོ་ཆེ་ཁག་གི་ཆུ་མགོ་བོད་ནང་ཡོད་སྟབས་གཙང་པོ་དེ་དག་གི་གཤམ་དུ་ཡོད་པའི་ཡུལ་གྲུ་ཁག་གིས་བོད་ཀྱི་ཁོར་ཡུག་ཐོག་སེམས་འཚབ་དང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ཅེས་བཀའ་ལན་སྩལ་འདུག
འདི་ཚེས་༡༩་ཉིན་གོང་ས་མཆོག་མ་ནི་པུར་ནས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ནང་མཛད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎