༧གོང་ས་མཆོག་སི་རི་ལངྐའི་ནང་གདན་ཞུ་འབད་བརྩོན་བྱེད་མུས་ཡིན།

2017-04-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་སི་རི་ལངྐའི་ (Sri Lanka)ཕེབས་སྐབས། ༢༠༡༥
དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་སི་རི་ལངྐའི་ (Sri Lanka)ཕེབས་སྐབས། ༢༠༡༥
Sri Lankan Tibetan Buddhist Brotherhood Society

༧གོང་ས་མཆོག་གིས་སི་རི་ལངྐའི་བོད་བརྒྱུད་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་མི་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་གནང་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སི་རི་ལངྐའི་ (Sri Lanka) བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དབུས་པའི་ཚོགས་མི་ཁག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང་། སི་རི་ལངྐའི་ (Sri Lanka) ་བོད་བརྒྱུད་ནང་པའི་མཐུན་ཚོགས་སམ་Sri Lanka Tibetan Buddhist brotherhood Society ཞེས་པའི་ཚོགས་པའི་ཚོགས་གཙོ་རྡ་མན་རྡ་པོ་ར་གེ་ (Damenda Porage) ལགས་ཀྱིས། ང་ཚོ་སི་རི་ལངྐའི་ (Sri Lanka) བོད་ཀྱི་ནང་པའི་མཐུན་ཚོིགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་པའི་འཐུས་མི་བཅུ་དྲུག་ལ་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་གནང་བར་ཚོགས་མི་ཚང་མར་དགའ་ཚོར་དཔག་ཏུ་མེད་པ་སྐྱེས་བྱུང་ཞེས་གསུངས་འདུག
ཡང་ཁོང་གིས། མཇལ་ཁའི་སྐབས་ཁོང་གི་ཚོིགས་པའི་ངོས་ནས་༧གོང་ས་མཆོག་ལ་ཚོགས་པའི་འདས་པའི་ལོ་གསུམ་ཀྱི་ནང་Sri Lanka ནང་བོད་མིའི་དབར་ཆོས་དང་རིག་གཞུང་། འབྲེལ་ལམ་གོང་འཕེལ་ཀྱི་ལས་འཆར་གང་དང་གང་སྤེལ་ཡོད་མེད་སྐོར་ཀྱི་དཔར་རིགས་དང་ཡིག་ཆ་སྤྱན་འབུལ་ཞུས་པར་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་། ཚོགས་པའི་ངོས་ནས་མ་འོངས་ལོ་ལྔའི་ནང་བོད་དང་Sri Lanka བར་ཕན་ཚུན་འབྲེལ་ལམ་བཟང་དུ་གཏོང་ཐབས་དང་། གོ་རྟོགས་རྒྱ་ཆེ་ཡོང་ཐབས་ཀྱི་ཆེད་དུ་ནང་ཆོས་དང་འབྲེལ་བའི་གསུང་འབུམ་ཁག་ཅིག་Sri Lanka སྐད་ཡིག་ནང་བསྒྱུར་རྒྱུའི་འབད་བརྩོནདང་། ཕྱོགས་གཉིས་ཀྱི་སློབ་གཉེར་བ་བརྗེ་ལེན་བྱེད་རྒྱུ་སོགས་ཀྱི་སྐོར་སྙན་སེང་ཞུས་པ་ཡིན་པ་སོགས་ངོ་སྤྲོད་གནང་འདུག་ལ།  ཚོགས་པའི་ངོས་ནས་༧གོང་ས་མཆོག་Sri Lanka འི་ནང་གདན་འདྲེན་ཞུ་རྒྱུར་མུ་འཐུད་འབད་བརྩོན་བྱེད་རྒྱུ་ཡིན་ཅེས་གསུངས་འདུག
བོད་བརྒྱུད་ནང་པའི་ངོས་ནས་ཚོགས་པ་འདི་དང་འབྲེལ་བ་གནང་མཁན་གཙོ་བོ་ཞིག་ནི་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཡིན་ཞིང་། འདས་པའི་ལོ་ཤས་ནང་སི་རི་ལངྐའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་བརྒྱུད་ནང་བསྟན་དང་སི་རི་ལངྐའི་གནས་རྟེན་སྡེ་པའི་དགེ་འདུན་པའི་དབར་འདུལ་བའི་སྡེ་སྣོད་ཀྱི་ཐོག་བགྲོ་གླེང་གནང་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སི་རི་ལངྐའི་གནད་ཡོད་དགེ་སློང་ཁག་གཅིག་མཇལ་འཕྲད་གནང་པ། དེ་བཞིན་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་སོགས་བོད་པའི་དགེ་འདུན་པ་སི་རི་ལངྐའི་ནང་གདན་ཞུས་ཐོག་མཐོ་རིམ་སློབ་གྲྭ་ཁག་གི་ནང་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་གསུང་བཤད་གོ་སྒྲིག་གནང་པ་སོགས་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།
སི་རི་ལངྐའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཞེས་པ་འདི་ནི་གཙོ་བོ་སི་རི་ལངྐའི་ནང་པ་དང་བོད་ཀྱི་ནང་པ་དབར་ཕན་ཚུན་ནང་ཆོས་རིག་གཞུང་ཐོག་བསམ་ཚུལ་བརྗེ་རེས་དང་གོ་རྟོགས་སྤེལ་ཆེད་དུ་༢༠༡༤་ལོར་བཙུགས་པ་ཞིག་ཡིན་པ་ཚོགས་པ་དེའི་དྲ་རྒྱའི་ཐོག་བཀོད་འདུག

གསར་འགོད་པ་སྐལྡན་བློ་གྲོས་དང་། གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།