༧གོང་ས་མཆོག་གི་ཡང་སྲིད་སྐོར་གླེང་རྒྱུ་སྔ་དྲག་པ་གསུངས་འདུག


2017.04.10
༧གོང་ས་མཆོག་གིས་བོད་དང་ས་འབྲེལ་མོན་རྟ་དབང་དུ་མཛད་འཕྲིན་སྐྱོང་སྐབས། ༢༠༡༧།༤།༩ ༧གོང་ས་མཆོག་གིས་བོད་དང་ས་འབྲེལ་མོན་རྟ་དབང་དུ་མཛད་འཕྲིན་སྐྱོང་སྐབས། ༢༠༡༧།༤།༩
OHHDL

ཡང་སྲིད་སྐོར་གླེང་རྒྱུ་སྔ་དྲག་པ་དང་རྒྱ་ནག་གིས་ཡང་སྲིད་སྐོར་གླེང་བར་ཐོག་མར་སྐྱེས་བ་སྔ་ཕྱི་ལ་ཡིད་ཆེས་དགོས་བ་༧གོང་ས་མཆོག་གིས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་ཡང་སྲིད་ཕེབས་པར་སྔོན་ལ་རྒྱ་ནག་གཞུང་གིས་ཡང་སྲིད་ལ་ཡིད་ཆེས་གནང་དགོས་ཀྱི་རེད་ཅེས་རྒྱ་གར་གྱི་NDTVབརྙན་འཕྲིན་ཁང་གི་གསར་འགོད་པ་ཚོར་བཀའ་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༨་ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་དད་ལྡན་སེར་སྐྱ་མི་དམངས་ཁྲི་ཚོ་འགའ་ཤས་ལ་ཆོས་འབྲེལ་སྩལ་གནང་ཡོད་པ་དང་། ཉིན་རྒྱབ་གསར་འགོད་ལྷན་ཚོགས་ཤིག་གི་སར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་ཐག་གཅོད་གནང་རྒྱུ་ད་ལྟ་སྔ་དྲག་པ་ཡིན་པ་དང་། མ་འོངས་པར་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ཕེབས་མིན་ནི་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་རྒྱུ་ཡིན་པ་བཀའ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མི་མང་ཚོས་སྐུའི་ཡང་སྲིད་ལ་དྭགས་སུ་འཁྲུངས་དགོས་པ་བརྗོད་བཞིན་ཡོད་པ་དང་། དེ་ག་ནང་བཞིན་རྒྱ་ནག་གིས་སྐུའི་ཡང་སྲིད་རྒྱ་ནག་ནང་འཁྲུངས་དགོས་པ་བརྗོད་བཞིན་ཡོད་པ་རེད། ཡང་ཡོ་རོབ་ཡུལ་གྲུ་ཁག་ནས་སྐུའི་ཡང་སྲིད་ཡོ་རོབ་ནང་འཁྲུངས་དགོས་པ་བརྗོད་བཞིན་ཡོད་པ་རེད། རྣམ་ཤེས་གཅིག་ལས་མེད་དུས་ཆ་བགོས་གང་འདྲ་བྱེད་དགོས་རེད་དམ་ཞེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་ཤོབ་དང་སྦྲགས་བཀའ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་ཆར་སྐུའི་ཡང་སྲིད་ག་པར་ཕེབས་ཀྱི་ཡོད་པ་དང་། ག་དུས་ཕེབས་ཀྱི་ཡོད་པ་སོགས་ཀྱི་ཐད་ཐག་གཅོད་གནང་རྒྱུ་སྔ་དྲག་པ་ཡིན་པ་བཀའ་གནང་འདུག
ཡིན་ནའི་བརྒྱུད་ལམ་ནང་གནས་ཚུལ་ཐོན་པར་གཞིགས་ན། ད་རེས་མོན་རྟ་དབང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སུ་བཅར་མཁན་བུད་མེད་ཚེ་རིང་དཔལ་མ་ཟེར་བ་ཞིག་གིས། རྟ་དབང་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་བོད་ནས་རྒྱ་གར་ནང་ཕེབས་སའི་ས་གནས་ཐོག་མ་དེ་ཡིན་དུས་སྐུའི་ཡང་སྲིད་རྟ་དབང་དུ་འཁྲུངས་རྒྱུའི་རེ་བ་ཡོད་ཅེས་གསུང་འདུག
དེ་ག་ནང་བཞིན་ཡང་དེང་སྐབས་མོན་རྟ་དབང་ཁུལ་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་གསན་པར་ཕེབས་མཁན་ཨ་མི་རི་ཀའི་མི་རིགས་ཡིན་པ་སྐུ་ཞབས་རྒྱལ་མཚན་ལེགས་བསྟན་ལགས་ཀྱིས། སྐུའི་ཡང་སྲིད་ས་གནས་ག་པར་འཁྲུངས་པ་ཡིན་ནའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐག་གཅོད་གནང་རྒྱུ་རེད་མ་གཏོགས་དེ་མིན་སུ་ལའང་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་ཡོད་བ་མ་རེད་ཅེས་གསུང་འདུག།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎