༧གོང་ས་མཆོག་ཕྱིར་བཞུཊ་སྒར་ཕོ་བྲང་དུ་ཞབས་སོར་འཁོད་པ།


2017.05.26
༧གོང་ས་མཆོག་ཕྱིར་བཞུཊ་སྒར་ཕོ་བྲང་དུ་ཞབས་སོར་འཁོད་བཞིན་པ། ༢༠༡༧།༥།༢༦ ༧གོང་ས་མཆོག་ཕྱིར་བཞུཊ་སྒར་ཕོ་བྲང་དུ་ཞབས་སོར་འཁོད་བཞིན་པ། ༢༠༡༧།༥།༢༦
སངས་རྒྱས་རྡོ་རྗེ།/RFA

༧གོང་ས་མཆོག་གི་ཡོན་ཏན་དང་མཛད་བཟང་ལ་བརྟེན་བོད་དོན་ལ་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད་པ་རྩོམ་པ་པོ་ཨ་རོན་གྱིས་གསུངས་འདུག
དེ་ཡང་ཕྱི་ཚེས་ ༢༥ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་མི་དང་རྩོམ་པ་པོ་སྐུ་ཞབས་(Arun Shourie) ཀྱིས་བརྩམས་གནང་བའི་རྒྱ་གར་གྱི་སྐྱེས་ཆེན་དམ་པ་གཉིས་ཞེས་པའི་ཕྱག་དེབ་དབུ་འབྱེད་མཛད་གནང་ཡོད་པ་རེད།
སྐབས་དེར་རྩོམ་པ་པོ་(Arun Shourie) ཡིས། ༧གོང་ས་མཆོག་གི་བླ་ན་མེད་པའི་ཡོན་ཏན་དང་མཛད་བཟང་ལ་བརྟེན་ནས། རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཉུང་ཤས་ལས་མེད་ཀྱང་། བོད་དོན་ཐོག་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད་སྐོར་སོགས་གསུངས་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འདས་པའི་མི་ལོ་ ༥༨ རིང་ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་བསྡད་པའི་རིང་ངོ་ཤེས་གྲོགས་པོ་རྙིང་པ་མང་པོ་ཞིག་དེ་རིང་འདིར་མཇལ་བས་ཧ་ཅང་དགའ་པོ་བྱུང་། ངོས་རང་ལུས་པོ་བོད་མིའི་ཤ་ཁྲག་རུས་གསུམ་ལས་སྐྱེས་པ་མ་གཏོགས་བསམ་བློའི་ནང་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲ་ནས་བྱུང་བའི་ལེགས་བཤད་ཐོག་གོམས་འདྲིས་ཧ་ཅང་ཆེ་བ་དང་། ལུས་པོར་མཚོན་ནའང་རྒྱ་གར་གྱི་འབྲས་དང་རྡ་ལི་སྲན་མར་བརྟེན་ནས་འཚོ་བཞིན་ཡོད་སྟབས་གཅིག་བྱས་ན་དེང་རབས་ཅན་དུ་རློམ་བཞིན་པའི་རྒྱ་གར་བ་ཚོ་ལས་ངོས་རང་སྲོལ་རྒྱུན་གྱི་རྒྱ་གར་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ལྟ་བུ་ཡོད། ཅེས་ཀུ་རེ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན། ཕྱི་དངོས་པོའི་འཛུགས་བསྐྲུན་དགོས་པ་ཧ་ཅང་གལ་ཆེ་ནའང་དེ་དང་ལྷན་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་གར་ལ་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་ཐོག་ནས་ནང་གི་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད་པས་རྒྱ་གར་བ་ཚོས་རང་གི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ལ་ཐོས་བསམ་སློབ་གཉེར་གནང་དགོས་བ་སོགས་ཀྱི་བཀའ་སློབ་བསྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་འདུག
དེ་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཛད་འཕྲིན་ཁག་ལེགས་པར་འགྲུབ་སྟེ། ཕྱི་ཚེས་༢༦ཉིན་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སྐབས། རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན ཆེན་པོ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས། ཕྱི་ཚེས་༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དང་ཌ་ལིཏ་དབུ་ཁྲིད་ (Dr.B.R. Ambedkar)མཆོག་གི་འཁྲུངས་སྐར་དུས་ཆེན་ཐེངས་ ༡༢༥འཁོར་བའི་མཛད་སྒོར་དབུ་བཞུགས་ཀྱིས་སྤྱི་ཚོགས་དྲང་བདེན་དང་། སྐུ་ཞབས་བྷི་ཨར་ཨེམ་བྷེ་དི་ཀར་ཞེས་པའི་བརྗོད་གཞིའི་ཐོག་བླངས་དོར་བཀའ་སློབ་སྕལ་གནང་མཛད་ཡོད་པ་རེད།
དེ་རྗེས་བྷེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱེད་པའི་རྒྱ་གར་གྱི་དུས་བབ། (Times of India)གསར་འགྱུར་ཡན་ལག་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྕམ་ (Sita Lakshmi)ཡིས་༧གོང་ས་མཆོག་ལ་བཅར་འདྲི་དགོངས་སྐོར་ཞུས་ཡོད་པ་དང་། དེ་ནས་ཕྱི་ཚེས་༢༤ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་ནང་གི་གསར་འགྱུར་ཚན་པ་གྲགས་ཅན་(Indian Express Adda)ཞེས་པས་གོ་སྒྲིག་གནང་བའི་འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎