ཨ་མི་རི་ཀ་ནི་རང་དབང་དང་མང་གཙོའི་འགོ་ཁྲིད་ཞིག་རེད་གསུངས་འདུག


2017.10.11
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧།༩།༢༥ བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧།༩།༢༥
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མེས་པོ་ཚོས་གུ་ཡངས་དང་རང་དབང་། མང་གཙོ་བཅས་ལ་གདེང་འཇོག་ཆེན་པོ་གནང་ཡོད་པ་རེད་ཅེས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཨ་མི་རི་ཀ་ནི་འཛམ་གླིང་ནང་གི་རང་དབང་གི་འགོ་ཁྲིད་ལྟ་བུ་ཡིན་པས། ཨ་རིའི་ངོས་ནས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནད་དོན་དང་། རྒྱལ་སྤྱིའི་དཀའ་རྙོག་ཁག་དམག་དོན་སྟོབས་ཤུགས་ཀྱི་ལམ་ནས་སེལ་ཐབས་བྱེད་བཞིན་པའི་དཀའ་རྙོག་ཁག་ལ་གདོང་ལེན་བྱེད་པའི་ལངས་ཕྱོགས་ཤིག་བཟུང་དགོས་གལ་ཆེ་བའི་སྐོར་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ཆིབས་བསྒྱུར་སྐབས་བཀའ་གནང་ཡོད་པ་ཨ་རིའི་ཝ་ཤིང་པོསིཊ་གྱི་ནང་གསར་འགོད་པ་ (Josh Rigins)་གྱིས་བསམ་ཚུལ་གླེང་སྟེགས་སྤེལ་བའི་ནང་བཀོད་འདུག
ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་སུ་ཞིག་གི་ཀྱང་ཚོགས་འདུའི་ནང་བྱུང་བའི་བགྲོ་གླེང་གི་ནང་དོན་སྐོར་བཀོད་མི་ཆོག་པའི་བཀག་རྒྱ་བསྡམས་ཡོད་ན་ཡང་། གསར་འགོད་པ་ (Josh Rogin)ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཚོགས་འདུའི་ནང་དོན་ཁག་གཅིག་ལུང་འདྲེན་ཆོག་པའི་ཆོག་ཆན་གནང་ཡོད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུའི་ཐོག་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་གི་ཨ་མི་རི་ཀ་གཙོ་བཟུང་གི་སྲིད་ཇུས་ཐུགས་ལ་བབས་པོ་མ་བྱུང་བ་བཀའ་གནང་ཞིང་། འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀའི་མེས་པོ་ཚོས་གུ་ཡངས་དང་རང་དབང་། དམངས་གཙོ་སོགས་ནི་ཧ་ཅང་གི་གལ་འགངས་ཆེན་པོར་ངོས་འཛིན་ཞུས་ཡོད་པ་རེད་ཅེས་བཀའ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་དང་མི་དམངས་ཀྱིས་བོད་དོན་ཐད་འགྱུར་བ་མེད་པའི་རྒྱབ་སྐྱོར་ཡོད་པ་བཀའ་གནང་པ་དང་སྦྲགས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རང་བཞིན་ཐོག་བཀའ་གནང་སྐབས། གནམ་གཤིས་འགྱུར་ལྡོག་ལ་ཆོས་ལུགས་དང་ས་མཚམས་སོགས་ཀྱི་དབྱེ་བ་མེད་པའི་གནད་དོན་ཞིག་ཡིན་ན་ཡང་། ད་ལྟའི་ཨ་རིའི་སྲིད་འཛིན་གྱི་རང་འབྱུང་ཁོར་ཡུག་ཐོག་ཐུགས་སྣང་དེ་ཙམ་མ་གནང་པ་དེར་ངར་བསམ་ཚུལ་ཏོག་ཙམ་ཡོད་ཅེས་བཀའ་གནང་ཞིང་། འོན་ཀྱང་ཁོང་ནི་ཨ་མི་རི་ཀའི་མི་དམངས་ཀྱིས་འོས་བསྡུའི་ལམ་ནས་འདམས་ཐོན་ཞུས་པ་ཞིག་ཡིན་ཙང་། ངས་དེར་གུས་བརྩི་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དོན་དངོས་ཐོག་ཡོ་རོབ་མཉམ་སྦྲེལ་གྱི་སྒྲིག་འཛུགས་དེ་བཞིན་འཛམ་གླིང་གི་ས་ཁུལ་གཞན་ལ་དམིགས་དཔེ་འོས་པ་ཞིག་ཡིན་པ་དང་། འཛམ་གླིང་ནང་རྒྱལ་ཁབ་ཚང་མས་མཉམ་འབྲེལ་གྱིས་ཕྱག་ལས་གནང་བ་ཡིན་ཚེ། དམག་དོན་ཉུང་ཕྲི་གཏོང་ཐུབ་ཀྱི་རེད་། དེ་ནི་ངའི་རེ་བ་དང་དམིགས་ཡུལ་ཡིན་ཅེས་གསུངས་ཏེ། དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་གནང་བ་དེ་ནི་ནོར་འཁྲུལ་ཞིག་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
ཡང་གསར་འགོད་པ་ (Josh Ringis)གནས་ཚུལ་སྤེལ་བ་གཞིགས་ན། ༧གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་ཚང་མའི་ཐུན་མོང་གི་ཁེ་ཕན་ཆེད་ཁོར་ཡུག་ཐོག་འགན་མཉམ་འཁུར་དང་། འཛམ་གླིང་གཅིག་འགྱུར་གྱི་འདུ་ཤེས་འཛིན་པ་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐོང་ལ་སྲུང་སྐྱོབ་དགོས་པར་འབད་བརྩོན་གནང་མཁན་ཞིག་ཡིན་པར་ངོས་འཛིན་ཞུས་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎