༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་གསུངས་ཆོས་དབུ་ཚུཊ།


2015.09.07
༧གོང་ས་མཆོག་ཨེ་ཤེ་ཡའི་དད་ལྡན་པ་ཚོར་གསུངས་ཆོས་གནང་བར་ཕེབས་བཞིན་པ། ༢༠༡༥།༩།༧ ༧གོང་ས་མཆོག་ཨེ་ཤེ་ཡའི་དད་ལྡན་པ་ཚོར་གསུངས་ཆོས་གནང་བར་ཕེབས་བཞིན་པ། ༢༠༡༥།༩།༧
འཇིགས་མེད་སྙན་གྲགས།/RFA

ནང་བ་སངས་རྒྱས་པའི་ཆོས་ཞེས་པ་ནི་བསམ་བློ་གཏོང་རྒྱུ་མ་གཏོགས་བྱིན་རླབས་ཞུ་རྒྱུ་ཙམ་མིན་པ་༧གོང་ས་མཆོག་གིས་གསུངས་གནང་བ།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨིན་ཊོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཊི། ཝེ་དི་ནམ་བཅས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཕྱི་ཚེས་༧ནས་༡༠བར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཉིན་གྲངས་བཞིའི་རིང་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའིི་སྤྱོད་པ་ལ་འཇུག་པའི་ལེའུ་༡༠པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་། རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་ཆེ་གནང་མཛད་འདུག
དེ་རིང་སྔ་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་གསུངས་ཆོས་དབུ་ཚུགས་སྐབས། ཐོག་མར་ཐའེ་ལན་ཊི་དང་། རྒྱ་མི་དགེ་འདུན་པ་རྣམས་ཀྱིས་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས། ༧གོང་ས་མཆོག་གིས་ཐོག་མར་
ནང་ཆོས་ངོ་སྤྲོད་དང་འབྲེལ་ཡུལ་གྲུ་འདྲ་མིན་ནས་གསུང་ཆོས་ཞུ་བར་བཅར་བའི་དད་ལྡན་མང་ཚོགས་ཚོར་དུས་གཅིག་ལ་ཉིན་བཞི་ཙམ་རིང་སྔ་ཐོག་ཆོས་འབྲེལ་དང་། ཉིན་རྒྱབ་བླ་སྤྲུལ་དགེ་བཤེས་རྣམ་དང་ལྷན་དུ་ཆོས་ཞུ་བ་ཚོས་ནང་ཆོས་སྐོར་བགྲོ་གླེང་གནང་ཐུབ་པའི་གོ་སྒྲིག་གནང་ཡོད་སྐོར་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་སངས་རྒྱས་པའི་ཆོས་ཞེས་པ་ནི་བསམ་བློ་གཏོང་རྒྱུ་མ་གཏོགས། བྱིན་རླབས་ཞུ་རྒྱུ་ཙམ་མིན་སྟབས། སྔོན་དུ་སོ་སོ་རང་ཉིད་ཀྱིས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ཤེས་པར་བྱས་ཏེ་དེར་སྦྱོང་བརྡར་བྱས་ནས་བློ་མ་དུལ་བ་རྣམས་དུལ་བ་དང་། མ་ཞི་བ་ཞི་བར་བྱེད་དགོས་རྒྱུ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། དེ་བཞིན་བྱམས་བརྩེའི་བློ་བཟང་པོའི་ཡོན་ཏན་དེ་གཉིས་པོ་གོང་ནས་གོང་དུ་སྤེལ་བའི་ཐོག་ནས་རང་རྒྱུད་ལ་ཡོད་པའི་རང་ཕོངས་པར་བྱེད་མཁན་གྱི་བློའི་རྐྱོན་དེ་དག་རིམ་གྱིས་སེལ་བར་བྱས་ཏེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་རྒྱུ་ཞིག་དགོས་ཀྱི་ཡོད་ལ། དེ་ལྟ་བུའི་ཉམས་ལེན་བྱེད་པར་བྱེད་སྟངས་དེ་ཤེས་དགོས་པ་དང། ཤེས་པར་ཡང་ཐོས་དགོས་ཀྱི་ཡོད་པར་བརྟེན་ཆོས་ཞུ་བ་ཚོ་རྡ་རམ་ས་ལར་འདུ་འཛོམས་གནང་ཡག་དེ་ནང་ཆོས་ལ་སློབ་སྦྱོང་ཡིན་བསམ་པའི་འདུ་ཤེས་འཛིན་དགོས་སྐོར་བཀའ་གནང་འདུག
ཐེངས་འདིར་བཞུགས་སྒར་དུ་འཛམ་གླིང་ཡུལ་གྲུ་མི་འདྲ་བ་༦༨ནས་ཆོས་ཞུ་བ་སྟོང་ཕྲག་འགའ་ཤས་བཅར་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།
ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎