༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བཞིན་འདུག

2017-06-05
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བཞིན་པ། 2017/6/5
༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བཞིན་པ། 2017/6/5
RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་དུས་ཡུན་ཉིན་གྲངས་གསུམ་རིང་གི་གསུང་ཆོས་གནང་འགོ་ཚུགས་ཡོད་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚེས་༥་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་ཚོར་ཉིན་གྲངས་གསུམ་རིང་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུང་སེམས་འགྲེལ་གྱི་བཀའ་ཆོས་དང་། རྒྱལ་སྲས་ཐོགས་མེད་བཟང་པོའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྩལ་བར། སྐབས་དེར་ཆོས་ཞུགས་བ་གཅིག་ཁྲི་ལྷག་འཛོམས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀའ་བློན། དྲུང་ཆེ་བཅས་ནས་ཀྱང་ལྷན་ཞུགས་གནང་ཡོད་འདུག ཆོས་ཞུགས་བ་ཚོའི་ཁྲོད་སློབ་ཕྲུག་༥༢༨་ནི་རྒྱ་གར་ནང་ཡོད་པའི་གཙུག་ལག་སློབ་གྲྭ་ཁག་དང་། མཐོ་སློབ་སོགས་ཀྱི་ཁྱོན་སློབ་གྲྭ་འདྲ་མིན་བདུན་བཅུ་ཙམ་ནས་ཡིན་ཞིང་། དེ་མིན་ཨ་རི་དང་Netherlands བཅས་ནས་སློབ་ཕྲུག་ཁག་ཅིག་ཡོད་པ་མ་ཟད། གཞན་སློབ་ཕྲུག་སྟོང་ཕྲག་མང་པོ་བོད་ཕྲུག་ཁྱིམ་སྡེ་དང་མ་སུ་རིའི་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་བཅས་ནས་ཡིན་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་གསུང་ཆོས་རིང་ལ་བྱམས་བརྩེའི་འབྱུང་ཁུངས་དང་རིན་ཐང་བཅས་ནི་ལོ་ངོ་གཉིས་སྟོང་གོང་ནས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཁག་ནས་བྱུང་བ་ཡིན་ཞིང་། ང་ཚོའི་སློབ་གྲྭ་ཁག་དང་སྤྱི་ཚོགས། རྒྱ་ཆེ་ས་ནས་འཛམ་གླིང་སྤྱིར་ཕན་ཐོགས་ཆེད་དུ་གནའ་རབས་ཀྱི་ཤེས་བྱ་དེ་དག་བསྐྱར་གསོ་དགོས་པའི་ནན་བརྗོད་ཞུས་འདུག ཡང་༧གོང་ས་མཆོག་གིས་གང་ཟག་སོ་སོས་སོ་སོའི་སེམས་ཀྱི་འགྱུར་བ་འགྲོ་ཕྱོགས་ལ་ཤེས་རྟོགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་ཞིང་། རྒྱུ་མཚན་ནི་ཞི་བདེའི་སེམས་དེ་ནི་ཕྱིའི་དངོས་པོའི་ཤུགས་རྐྱེན་ལས་སོ་སོས་དམ་འཛིན་དང་སྒྲིག་ལམ་མི་སྲུང་བའི་རྒྱུ་མཚན་ལ་བརྟེན་ནས་འགྱུར་བ་སླེབས་བཞིན་ཡོད་སྟབས་དེའི་དཀའ་ངལ་སེལ་ཐབས་སུ་ཕྱིའི་རྒྱུ་མཚན་འཚོལ་བ་ལས་རང་སོ་སོས་རང་ཉིད་ཀྱི་སེམས་ཀྱི་དཀའ་ངལ་དེ་སེལ་ཐབས་གནང་དགོས་ཞེས་དང་། ད་དུང་བོད་ཡིག་ལ་དོ་སྣང་དགོས་བ་དང་། རིག་ལམ་སྐོར་ཞིབ་འཇུག་བྱེད་དགོས་ན་བོད་ཡིག་ཡག་ཤོས་ཡིན་སྐོར་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས་དེང་སང་གི་སྤྱི་ཚོགས་ནང་དཀའ་ངལ་མང་པོ་བྱུང་བཞིན་པ་དེ་ནི་གཙོ་བོ་ནང་སེམས་ཀྱི་རིན་ཐང་སྐོར་གི་ཤེས་བྱ་འདང་ངེས་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་ཞིང། དེར་བརྟེན་སློབ་གྲྭ་ཁག་སོ་སོའི་ནང་ཆོས་ལུགས་དང་མ་འབྲེལ་བའི་ནང་སེམས་ཀྱི་རིན་ཐང་སྐོར་གྱི་ནང་དོན་འཇོག་རྒྱུ་ཤིན་ཏུ་ནི་གལ་པོ་ཡིན་པ་སོགས་བཀའ་གནང་འདུག
༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གྱི་ལས་རིམ་དེ་ནི་བོད་རིགས་གཞོན་སྐྱེས་ཁྲོད་ནང་ཆོས་ལ་སྤྱོང་བརྡར་དང་དོ་སྣང་མང་ཙམ་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།