༧གོང་ས་མཆོག་ཡོ་རོབ་རྒྱལ་ཁབ་ཁག་བཞིར་ཆིབས་བསྒྱུར་གནང་གཏན་འཁེལ་འདུག

2017-09-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ། ༢༠༡༧།༨།༣༡
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ། ༢༠༡༧།༨།༣༡
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དང་ཇར་མན་ནི། ཨེ་ཊ་ལི་(Italy) ལཏི་ལྦི་ཡ་(Latvia)བཅས་ཡོ་རོབ་རྒྱལ་ཁབ་བཞིའི་ནང་མཛད་འཕྲིན་བསྐྱང་ཆེད་བཞུགས་སྒར་ནས་འདི་ཚེས་༨་ཉིན་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག
དེ་ཡང་གནས་ཚུལ་ལྟར་ན། ༧གོང་ས་མཆོག་འདི་ཚེས་༩་ཉིན་ལྡི་ལི་གནམ་ཐང་ནས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་དང་། སྤྱི་ཚེས་བཅུ་ཉིན་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་(Children in Crossfire)་ཞེས་པའི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བྱང་ཕྱོགས་ཨ་ཡིར་ལེན་ཌིའི་རྒྱལ་ས་ལོན་ཌོན་ཌེ་རེ་(Londonderry)  ་ཞེས་པར་བྱམས་བརྩེའི་ཉམས་ལེན་ (Compassion in Action)ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་། སྤྱི་ཚེས་༡༣་ཉིན༧གོང་ས་མཆོག་ཇར་མན་ཎིའི་གྲོང་ཁྱེར་ཕེ་རེངྐ་ཕོཊ་(Frankfurt)་བོད་ཁང་ནས་གདན་ཞུ་གནང་དོན་ལྟར་ཇའོ་རན་དྷིར་ཧལ་ (Jahrhunderthalle)་ཞེས་པའི་ཚོམས་ཆེན་དུ་ཐུན་མོང་གིས་སྤྱོད་པའི་གོ་ལའི་བཟང་སྤྱོད་(Global Ethics-Shared Values)་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་མ་ཟད། ཕྱི་ཚེས་༡༤་ཉིན་གྲོང་ཁྱེར་དེ་གའི་ཚོམས་ཆེན་དེ་རང་དུ་ཉིན་གཅིག་རིང་ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་པའི་ལྟ་ཚུལ་ (Western Science and Buddhist Perspectives)ཞེས་པའི་བརྗོད་གཞིའི་ཐོག་ལྷན་བཞུགས་མཛད་རྒྱུ། ཕྱི་ཚེས་ ༡༥་ཉིན་༧གོང་ས་མཆོག་ཨི་ཊ་ལིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་ཕྱི་ཚེས་༡༦་ཉིན་གྱི་སྔ་དྲོ་སི་སི་ལི་(Sicily)་མངའ་སྡེའི་གནའ་བོའི་ཟློས་གར་འཁྲབ་སྟོན་ཁང་གྲགས་ཅན་ཊཱོར་མི་ནཱ་ (Taormina)ཞེས་པ་དེར་ཞི་བདེའི་སྐོར་བཀའ་སློབ་སྩལ་རྒྱུ་དང་།  ཕྱི་ཚེས་ ༡༧་ཉིན་བྱམས་བརྩེའི་ཀུན་སློང་གཞི་རྩར་འཛིན་པའི་ལུས་ངག་གི་སྤྱོད་ཚུལ་བསྟེན་ཕྱོགས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་སྐོར་མང་ཚོགས་བཀའ་སློབ་དང་། ཕྱི་ཚེས་༡༨ ་ཉིན་གྱི་སྔ་དྲོ་ཨི་ཊ་ལིའི་སི་སེ་ལིའི་རྒྱལ་ས་པ་ལེརྨོ་( Palermo)་ཞེས་པར་ཤེས་ཡོན་ལ་སྤྲོ་སྣང་( Joy Education)་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
གཞན་ཡང་ཕྱི་ཚེས་ ༡༩་ཉིན་ཨི་ཊ་ལིའི་སྒྱུ་རྩལ་རིག་གནས་ཕུལ་བྱུང་དར་ས་ཡུ་རོབ་ཙམ་མ་ཟད། འཛམ་གླིང་ཁྱོན་དུ་ཧ་ཅང་གྲགས་ཆེ་བ་གྲོང་ཁྱེར་ཕོ་ལོ་རེན་སི་ (Florence)་ཞེས་པས་གོ་སྒྲིག་ཞུས་དོན་ལྟར་ཤེས་ཡོན་སློབ་གསོ་བརྒྱུད་ཞི་བདེ་གོང་སྤེལ་( Peace through Education)་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་རེད།
ཕྱི་ཚེས་ ༢༠ ་དང་ ༢༡ ་བཅས་ཉིན་གྲངས་གཉིས་རིང་ཨི་ཊ་ལིའི་ཊ་སི་ཀ་ནི་(Tuscany) ་མངའ་སྡེའི་ཕེ་སཱ་གྲོང་ཁྱེར་དུ་པི་ས་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པའི་ཆོས་ཚོགས་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་པི་ས་ཚོགས་ཁང་དུ་(Pisa Congress Hall) ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་ལས་ནང་པའི་ལྟ་གྲུབ་དང་ཚན་རིག  དབང་རྩའི་ཚན་རིག  ཚད་རྡུལ་དངོས་ཁམས་རིག་པ་ ནུབ་ཕྱོཊ་ལྟ་གྲུབ་བཅས་ཀྱི་ཚོགས་འདུར་དབུ་བཞུགས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༣ ་དང་ ༢༤་བཅས་ཉིན་གྲངས་གཉིས་རིང་ལ་ཏི་ཝི་ཡའི་རྒྱལ་ས་རི་གྷ་ནང་དུ་སི་ཁོན་ཊོ་ཚོགས་ཁང་(SkontoHall) ་དུ་སློབ་དཔོན་ཀ་མ་ལ་ཤི་
ལས་མཛད་པའི་སྒོམ་རིམ་བར་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༥ ་ས་གནས་དེ་རང་དུ་རྒྱལ་མཚམས་མེད་པའི་མཐུན་སྒྲིལ་(Harmony Without  Boundaries)
ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྗེས་ཕྱི་ཚེས་༢༧་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།