རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་བྱེད་བཞིན་འདུག


2017.08.15
ཡ་ཆེན་ཆོས་སྒར་གྱི་ཡུལ་དངོས། ༢༠༡༧།༨།༡༡ ཡ་ཆེན་ཆོས་སྒར་གྱི་ཡུལ་དངོས། ༢༠༡༧།༨།༡༡
RFA

རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་གྱི་གྲྭ་བཙུན་ཚོད་འཛིན་དང་མཉམ་གྲྭ་ཤག་གཏོར་བཤིག་བྱེད་བཞིན་འདུག
དེ་ཡང་བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པར་གཞིགས་ན། འདས་པའི་ལོ་འགའ་ཤས་གོང་ནས་རྒྱ་ནག་གཞུང་གིས་དཀར་མཛེས་ཕྱོགས་ཀྱི་ཡ་ཆེན་ཨྱོན་བསམ་གཏན་གླིང་དུ་སུན་གཙེར་བཟོས་ཏེ་དཀའ་ངལ་སྤྲད་བཞིན་པའི་ཁར། འདི་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༨་ཙམ་ནས་ཡ་ཆེན་སྒར་གྱི་དགེ་བཙུན་གྱི་གྲྭ་ཤག་གཏོར་བཤིག་གཏོང་རྒྱུ་འགོ་ཚུགས་ཡོད་པ་དང་། འདི་ལོའི་ནང་གྲྭ་ཤག་སྟོང་ཕྲག་གཉིས་ཙམ་གཏོར་བཤིག་གཏོང་རྒྱུ་དང་། དགེ་འདུན་པ་དང་བཙུན་མ་སྟོང་ཕྲག་གཉིས་ཙམ་ཕྱིར་འབུད་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་བཀོད་ཁྱབ་བཏང་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།
ཡང་ས་གནས་བོད་མི་ཞིག་གིས་བརྗོད་དོན། འདི་ཚེས་༡༠་ཙམ་ནས་དེ་སྔ་ནས་གྲྭ་བཙུན་ཚོའི་ཐོབ་ཐང་དཔང་ཡིག་ལག་འཁྱེར་ཐོ་འགོད་བྱས་ཡོད་པ་ལྟར། གྲྭ་བཙུན་ཚོས་སོ་སོའི་ངོས་ནས་གྲྭ་ཤག་གཏོར་བཤིག་གིས་གཙང་བཟོ་བྱེད་དགོས་རྒྱུ་དང་། ཨར་འདམ་གྱི་ཁང་པ་སོགས་ལས་དོན་ཆེ་ཁག་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་བའི་ལས་ཀ་བ་ཡོང་ནས་གཏོར་བཞིན་ཡོད་འདུག་ལ། ཡང་ཉིན་ཤས་གོང་གྲྭ་ཤག་གཏོར་བཤིག་སྐབས་བཙུན་མ་ཞིག་ལ་རྨས་སྐྱོན་ཕོིག་ཡོད་པ་ཡང་ངོ་སྤྲོད་གནང་བྱུང་།
སྐབས་དེར་ཡ་ཆེན་སྒར་གྱི་གནད་ཡོད་བླ་མ་ཆེ་གྲས་ཤིག་གིས་གནས་སྟངས་དེའི་ཐོག་ནས་སློབ་མ་ཡོངས་ལ་སེམས་གསོ་གནང་སྟེ་། གནས་སྟངས་དེ་ནི་རྩ་བ་ནས་ཟློག་ཐབས་མེད་པ་ཞིག་ཡིན་ནའང་དགེ་འདུན་པ་དང་བཙུན་མ་ཚོའི་ངོས་ནས་བསྟན་པ་ལ་བར་ཆད་མི་འགྲོ་བ་བྱས་ཏེ་ཉམས་ཆུང་ཚུལ་མཐུན་བྱས་ནས་བསྡད་ན་རིམ་བཞིན་འགྱུར་བ་ཞིག་འགྲོ་ངེས་ཡིན་པ་གསུངས་ཡོད་པ་རེད།
ད་དུང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་སློབ་མ་རྣམས་ཀྱི་སློབ་གཉེར་གྱི་ཐད་ལ་བཟོད་ཐབས་མེད་པའི་སེམས་སྡུག་དང་དཀའ་ངལ་བཟོས་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག
ཡ་ཆེན་ཨྱོན་བསམ་གཏན་གླིང་ངམ་ཨ་ཁྱུག་སྒར་ནི་མཁན་པོ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱིས་སྤྱི་ལོ་ ༡༩༨༤ ལོར་ཕྱག་བཏབ་ཅིང་། ཆོས་སྒར་ཧྲིལ་པོ་གླིང་ཆེན་པོ་བཅུ་ལས་གྲུབ་ཡོད་པ་དང་། བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གྱི་བསྟི་གནས་ཆེན་པོ་ཞིག་ཡིན་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན་དང་། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎