རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལོ་བཅུའི་རྗེས་བཙོན་གྲོལ་ཐོབ་པ།


2015.10.09
སྒྲོལ་མ་སྐྱབས་དང་ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི་མདུན་ཤོག སྒྲོལ་མ་སྐྱབས་དང་ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི་མདུན་ཤོག
བོད་འབྱོར།

ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་མི་ལོ་བཅུའི་རྗེས་བཙོན་གྲོལ་བྱུང་སྐབས་བོད་མི་ཚོས་དགའ་བསུ་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་རྡ་རམ་ས་ལར་ཡོད་པའི་ཨ་རིག་འགྱུར་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྤྱི་ཟླ་༡༠བའི་ཚེས་༨ཉིན་གྱི་ས་རུབ་ལ་ཉེ་བའི་དུས་སུ་དེ་སྔོན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་བཙུགས་ནས་ལོ་བཅུ་ཡི་ཁྲིམས་ཆད་བཅད་པའི་བོད་ཀྱི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་ཡོད་པ་རེད།
གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། སྒྲོལ་མ་སྐྱབས་ལགས་ད་ལྟའི་བར་ལྷ་སའི་ཆུ་ཤུལ་བཙོན་ཁང་ནས་ཁྲིམས་ཆད་ཁུར་བ་དང་། ཟླ་བ་འདིའི་ཚེས་༨ཉིན། མཚོ་སྔོན་གྱི་མདོ་ལ་རྫོང་གི་ཉེན་རྟོག་པ་མི་གཉིས་སོང་ནས་ཁོང་གནམ་གྲུའི་ནང་ཟི་ལིང་ལ་ཉིན་དེའི་དུས་ཚོད་བཞི་བ་ཙམ་ལ་ཁྲིད་ཡོང་སྟེ། འབྲེལ་ཡོད་ལས་ཁུངས་ནས་ཡིག་ཆར་མིང་རྟགས་བཀོད་ནས་རྩིས་ལེན་བྱས་རྗེས། མདོ་ལ་རྫོང་སོགས་བརྒྱུད་རྗེས་ཉེན་རྟོག་གཉིས་ཀྱིས་འབྲོག་ལུང་ཡུལ་ཚོར་བསྐྱལ་རྗེས་ཁོང་རང་གི་ཡུལ་དུ་ལོག་བཅུག་འདུག
ཚེས་༨ཉིན་གྱི་ས་གནས་ཀྱི་དགོང་མོའི་དུས་ཚོད་དགུ་བ་ཡས་མས་སུ་ཁོང་རང་ཁྱིམ་དུ་སླེབས་སྐབས། ཁོང་ལ་འཚམས་འདྲིར་ཡོང་མཁན་བོད་མི་མི་ཉུང་བ་ཞིག་གིས་ཁ་བཏགས་འཐེན་ནས་ཕེབས་བསུ་བྱས་ཡོད་ནའང་། ཞིབ་ཏུ་ཁ་བརྡ་བྱེད་པའི་གོ་སྐབས་བྱུང་མེད་ཟེར།
ཡང་ཁོང་གི་སྤུན་ཉེ་ཞིག་གིས་གསུང་ན། ད་ལྟ་ཁོང་ལ་ཕོ་བ་དང་མཆིན་པའི་ནད་ཡོད་པས་ཉིན་ཤས་ནས་ས་ཁུལ་གཞན་དུ་སྨན་བཅོས་ལ་འགྲོ་ཐུབ་པའི་རེ་བ་ཡོད་ཟེར།
ཁོང་བཙོན་བཀྲོལ་བྱུང་བའི་གནས་ཚུལ་ཐོན་མ་ཐག་བོད་ཕྱི་ནང་གི་དྲ་ལམ་འཕྲིན་ལམ་ནས་བོད་མི་མང་པོས་དགའ་བསུ་བྱས་བའི་པར་རིས་དང་རྩོམ་ཐུང་མང་པོ་མཐོང་རྒྱུ་ཡོད་པ་རེད།
སྒྲོལ་མ་སྐྱབས་ལགས་ནི་སྤྱི་ལོ་༡༩༧༦ལོར་མདོ་སྨད་མདོ་ལ་རྫོང་ཨ་རིག་ཏུ་ཕ་མཁས་བཙུན་དང་། མ་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་ཆུང་དུས་ནས་སློབ་གྲྭར་ཕྱིན་ནས་མཚོ་སྔོན་དགེ་འོས་སློབ་ཆེན་དང་། པེ་ཅིན་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་གྱིས་རྒྱའི་སྐད་ཡིག་ལ་ཧ་ཅང་ཡག་པོ་ཡོད་པས། ཁོང་གིས་རྒྱ་ཡིག་ཐོག་བརྩམས་པའི་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ཞེས་བའི་དཔེ་དེབ་སྤྱི་ཚོགས་ནང་སྐད་གྲགས་ཆེན་པོར་གྱུར་བ་དང་། སྤྱི་ལོ་༢༠༠༣་ལོར་རྒྱ་གར་དུ་ཡོང་ནས་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གྲྭ་ནས་དུས་ཐུང་རིང་དབྱིན་ཡིག་སློབ་སྦྱོང་བྱས་མྱོང་བ་དང་། སྤྱི་ལོ་༢༠༠༤ལོར་ཕྱིར་བོད་ནང་དུ་ལོག་སྟེ། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་འབྲི་བྱེད་མགོ་བརྩམས་ཡོད་ཀྱང་། ༢༠༠༥ལོའི་ཕྱི་ཟླ་༣ཚེས་༩ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་༡༡ཚེས་༣༠ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ཐོག་ཁོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་སྐྱོན་བཏང་བའི་ཉེས་མིང་ཐོག་ལོ་༡༠དང་ཟླ་༦གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།
རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་དེ་སྔོན་༼བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག༽ཞེས་པའི་ནང་དུ། “ང་ཚོ་ཞེད་སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ” ཅེས་བྲིས་ཡོད།
དེ་མིན་སྤྱི་ལོ་༢༠༠༩ལོར་བོད་ཀྱི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་གཟེངས་རྟགས་(Hellman/Hammett)ཀྱང་ཐོབ་མྱོང་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎