གོད་ཆག་རྗེས་མི་དགུ་ཐོག་མར་ཇོ་མོ་གླང་མའི་རི་རྩེར་འཛེགས་པ།


2016.05.12
ས་ཡོམ་རྗེས་རི་བོ་ཇོ་མོ་གླང་མའི་ཁུལ་ལ་གངས་རུད་བྱུང་སྐབས། ༢༠༡༥།༤།༢༧ ས་ཡོམ་རྗེས་རི་བོ་ཇོ་མོ་གླང་མའི་ཁུལ་ལ་གངས་རུད་བྱུང་སྐབས། ༢༠༡༥།༤།༢༧
AFP

བལ་ཡུལ་ནང་ཇོ་མོ་གླང་མའི་རི་རྩེར་འཛེགས་རྒྱུར་ལོ་ངོ་གཉིས་རིང་གོད་ཆག་གི་གནས་ཚུལ་རིམ་པ་བྱུང་བའི་རྗེས་སྤྱི་ཚེས་༡༡་རེས་གཟའ་ལྷག་པ་ཉིན་ཤར་པ་རི་འཛེགས་པ་མི་གྲངས་དགུ་རི་རྩེར་ཐོག་མའི་ཆར་འཛེགས་ཐུབ་པ་བྱུང་ཡོད་འདུག          
ཤར་པ་རི་འཛེགས་པ་མི་དགུ་པོ་དེ་དག་བལ་ཡུལ་གྱི་རེས་གཟའ་ལྷག་པའི་དགོང་དྲོའི་ཆུ་ཚོད་ ༥་དང་སྐར་མ་གཉིས་ཐོག་རི་རྩེར་འཛེགས་ཐུབ་པ་བྱུང་ཡོད་པ་དང་། ཁོང་རྣམས་ཕྱི་རྒྱལ་གྱི་རི་འཛེགས་པ་རྣམས་རི་རྩེར་འཛེགས་ཐུབ་ཆེད་རི་ལམ་ཐོག་ཐག་པ་རྒྱབ་པར་ཕྱིན་ཡོད་འདུག
བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་Sudarshan Dhakal་ཡིས་བལ་པོའི་མི་སེར་དགུ་ཡིས་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་པ་བྱུང་ཡོད་པ་དང་། ཁོང་རྣམས་རི་དེའི་ལམ་བཤངས་ཆེད་བསྐྱོད་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་ད་ཐེངས་བལ་པོའི་མི་སེར་དགུ་ཡིས་རི་འཛེགས་ཀྱི་ལམ་ཁ་ཕྱེས་ཡོད་པ་དང་དེ་ནི་གཏམ་བཟང་ཞིག་དང་ཇོ་མོ་གླང་མའི་རི་རྩེར་འཛེགས་རྒྱུ་དེ་ཉེན་ཁ་མེད་པ་གསལ་པོ་བཟོས་ཡོད་པ་རེད་ཅེས་གསུངས་འདུག           
བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས། ད་ལྟའི་རི་འཛེགས་ཀྱི་ནམ་དུས་དེར་རི་འཛེགས་ཀྱི་ཆོག་མཆན་གྲངས་༢༨༩་གནང་ཡོད་ཅིང་། ཕྱི་རྒྱལ་གྱི་རི་འཛེགས་པ་མང་དག་ཅིག་ཇོ་མོ་གླང་མའི་རི་རྩེར་རིམ་པས་འཛེགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ད་ལྟའི་རི་འཛེགས་ཀྱི་ནམ་དུས་དེ་ཕྱི་ཟླ་བཞི་པའི་ཟླ་དཀྱིལ་ནས་ཕྱི་ཟླ་ལྔ་པའི་ཟླ་མཇུག་བར་ཡིན་འདུག          
དབྱིན་ཇིའི་རི་འཛེགས་ཀྱི་ལས་དོན་གཉེར་མཁན་གྱི་ཚན་པ་Jagged Globe་ལ་མཚོན་ན་ཕྱི་ལོ་༢༠༡༤་དང་༢༠༡༥་ལོར་ཚན་པ་དེའི་རི་འཛེགས་ལམ་སྟོན་པ་གཅིག་དང་། རི་འཛེགས་པ་གཅིག་བཅས་མི་གཉིས་སྲོག་སྐྱོན་གྱི་གནས་ཚུལ་བྱུང་མིན་ལ་མ་ལྟོས་པར་ད་ལྟའི་ཆར་ཚན་པ་དེའི་རི་འཛེགས་པ་རྣམས་ཕྱི་ཟླ་༥་པའི་ཚེས་༡༣་ཉིན་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་པའི་རེ་བ་ཡོད་སྐོར་གནས་ཚུལ་སྤེལ་འདུག།         

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎