རང་ལུས་མེར་སྲེག་དང་འབྲེལ་ཉུང་མཐར་མི་ལྔ་བཟུང་འདུག

དབང་ཕྱུག་ཚེ་བརྟན་གྱི་རང་ལུས་མེར་སྲེག་དང་འབྲེལ་བའི་དོགས་གཞིའི་འོག་རྒྱ་ནག་གི་ཉེན་རྟོག་པས་ཉུང་མཐར་བོད་མི་ལྔ་འཇུ་བཟུང་བྱས་འདུག

དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་སྐབས། ༢༠༡༧།༤།༡༥

དབང་ཕྱུག་ཚེ་བརྟན་གྱི་རང་ལུས་མེར་སྲེག་དང་འབྲེལ་བའི་དོགས་གཞིའི་འོག་རྒྱ་ནག་གི་ཉེན་རྟོག་པས་ཉུང་མཐར་བོད་མི་ལྔ་འཇུ་བཟུང་བྱས་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་༡༥་ཉིན་ཟི་ཁྲོན་དཀར་མཛེས་རྫོང་ཐོག་དུ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པ་དང་རང་ལུས་མེར་སྲེག་གི་དོན་རྐྱེན་བརྙན་པར་ལེན་པའི་དོགས་གཞིའི་འོག་ས་གནས་རྒྱ་ནག་གི་ཉེན་རྟོག་པས་དཀོན་མཆོག་ཚེ་རིང་ངམ་དཀོན་བྷོ་དང་། ཉི་མ་ཚེ་རིང་། ཚེ་རིང་རྒྱ་མཚོ་བཅས་རྒྱ་ནག་གི་ཉེན་རྟོག་པས་ཉུང་མཐར་བོད་མི་ལྔ་འཇུ་བཟུང་བྱས་འདུག
འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། དབང་ཕྱུག་ཚེ་བརྟན་ལགས་ཀྱི་ཁ་པར་རྒྱ་ནག་གི་ཉེན་རྟོག་པའི་ལག་དུ་ཤོར་བར་བརྟེན་ཁ་པར་ནང་ཡོད་པའི་ཨང་གྲངས་རེ་རེ་བཞིན་ཉེན་རྟོག་པས་འབྲེལ་བ་འབྲེལ་བ་བྱས་ནས། ཁོང་དང་ཕ་ཡུལ་གཅིག་པའི་དཀོན་མཆོག་ཚེ་རིང་ངམ་དཀོན་བྷོ་ལགས་སུ་ཁ་པར་བཏང་པ་དང་། ཁོང་ལ་ཉེན་རྟོག་པས་ཁ་པར་དེ་རྙེད་བྱུང་བས་རོང་བ་ཚ་ཞེས་པའི་ཡུལ་ཚོའི་སྟེང་གི་ཚོང་ཁང་ཞིག་ཏུ་ལེན་པར་ཤོག་ཅེས་གཡོ་ཐབས་ཀྱིས་བརྗོད་འདུག དངོས་སུ་དེ་གར་འབྱོར་སྐབས་དཀོན་མཆོག་ཚེ་རིང་ལགས་ལ་གཅར་རྡུང་ཚད་མེད་བཏང་ཡོད་འདུག་ལ།  དེ་བཞིན་དགེ་འདུན་པ་ཉི་མ་ཚེ་རིང་ལགས་ཞུ་བ་ཞིག་ཀྱང་དོགས་གཞིའི་འོག་འཛིན་བཟུང་བྱས་ནས་ཉེས་རྡུང་ཚད་མེད་བཏང་ཡོད་འདུག
ད་དུང་གནས་ཚུལ་ངོ་སྤྲོད་པས། ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་གི་གནས་ཚུལ་གོ་མ་ཐག་གང་ནས་ཡིན་མིན་སྐད་ཆ་དྲིས་པ་ཙམ་དང་། དོ་བདག་གི་ཁ་པར་ནང་ཨང་གྲངས་ཕན་ཚུན་འབྲེལ་བ་ཡོད་པ་ཙམ་གྱིས་རྒྱ་ནག་གི་དམག་མིས་གཡོ་ཐབས་འོག་འཛིན་བཟུང་གཅར་རྡུང་བྱས་པ་དང་། ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་སྤེལ་ཡོད་པ་མ་རེད་ཅེས་དང་། ཁོང་གཉིས་ཀ་གློད་ཟིན་པ་བརྗོད་ཡོད་པ་རེད།
ད་ལྟའི་སྐབས་ས་གནས་བོད་མི་ཕན་ཚུན་དབར་ཁ་པར་ཐོག་འབྲེལ་བ་བྱེད་རྒྱུར་ཞེད་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ། ཀརྨ་རྒྱ་མཚོ།