ལེའུ་ཞའོ་པོ་གྲོངས་རྗེས་ཕྱི་ཕྱོགས་ནས་རྒྱ་ནག་ལ་སྐྱོན་བརྗོད།

2017-07-14
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ལེའུ་ཞོ་པོ་རྒྱ་ག་གི་སྨན་ཁང་དུ། ༢༠༡༧།༧།༩
ལེའུ་ཞོ་པོ་རྒྱ་ག་གི་སྨན་ཁང་དུ། ༢༠༡༧།༧།༩
དྲ་བཤུས།

ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོ་ལ་ཕྱི་ལོ་༢༠༡༠་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་བ་དེ་བདེན་པ་དག་སེལ་གནང་བ་དང་དུས་མཚུངས་རྒྱ་ནག་གཞུང་ནས་དེ་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་གྱི་དགོས་དོན་དང་འགལ་ཚུལ་དང་དེར་སྐུར་འདེབས་བྱས་པ་ཞིག་ཡིན་ཚུལ་བཤད་པ་དེར་སྐྱོན་བརྗོད་གནང་འདུག
དེ་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་དང་ཚོགས་ཆུང་དེའི་ཚོགས་མི་ཡིན་པ་(ThorbjonJagland)་ཡིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་བ་དེ་ནི་ཞི་བདེ་བསྐྲུན་ཐབས་ཤིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཁོང་ཚོགས་གཙོ་ཡིན་པའི་ཚོགས་ཆུང་གིས་ལེའུ་ཞའོ་པོ་ལགས་ལ་ཞི་བདེའི་རིན་ཐང་ལ་ཆེ་བསྟོད་ཞུ་རྒྱུའི་གཟེངས་རྟགས་བྱ་དགའ་དེ་ཕུལ་བ་རེད་ཅེས་གསུངས་འདུག
ཕྱི་ལོ་༡༩༨༩་ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་སློབ་ཕྲུག་ཁྲི་ཚོའི་དམངས་གཙོའི་ལས་འགུལ་གྱི་དབུ་ཁྲིད་པ་གཙོ་གྲས་ཡིན་པ་ལིའུ་ཞའོ་པོ་ཡིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གི་ཡུལ་མི་ཚོར་གཞི་རྩའི་འགྲོ་བ་ཐོབ་ཐང་ཐོབ་ཕྱིར་འཐབ་རྩོད་རྒྱུན་རིང་གནང་བ་བརྟེན་ནས། ཕྱི་ལོ་༢༠༡༠་ལོར་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ན་ཡང་རྒྱ་ནག་གཞུང་གིས་ཁོང་ལ་སྲིད་དབང་འགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་ལོ་༡༡་རིང་གི་བཙོན་འཇུག་བྱས་པར་སོང་། གཟེངས་རྟགས་གསོལ་སྩལ་གྱི་མཛད་སྒོའི་ཐོག་ཕེབས་ཐུབ་མེད་སྟབས།  སྐབས་དེའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་གཟེངས་རྟགས་དེ་ཞབས་སྐྱག་སྟོང་པ་ཞིག་ལ་བཞག་པ་རེད། ཕྱི་ལོ་༡༩༣༨་ལོར་ཇར་མ་ནི་ཞི་མཐུན་སྒྲིག་འཇགས་ཡོང་ཐབས་ཀྱི་འབད་རྩོན་གནང་མཁན་(Carl von Ossietzky)་ན་ཛིའི་བཙོན་འཇུག་འོག་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། ལིའུ་ཞའོ་པོ་ནི་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མི་སྣ་གཉིས་པ་དེ་ཡིན་པ་རེད།
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་དེ་ནི་གཟེངས་རྟགས་དེའི་དགོས་དོན་དང་འགལ་བ་ཡིན་ཚུལ་དང་། དེ་ནི་གཟེངས་རྟགས་དེར་སྐུར་འདེབས་བྱས་པ་ཞིག་ཡིན་ཚུལ་དེ་རིང་བཤད་ཡོད་པ་རེད།
གཟའ་ཕུར་བུའི་ཉིན་ལིའུ་ཞའོ་པོ་ཚེ་ལས་འདས་པའི་རྗེས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་དུས་ལ་མ་བབས་པའི་གོང་ནས་ཁོང་ཚེ་འདས་སུ་ཕྱིན་པ་དེར་རྒྱ་ནག་གཞུང་ལ་འགན་ལྗི་པོ་ཡོད་སྐོར་གསུངས་པ་མ་ཟད། རྒྱ་གཞུང་གིས་ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་མ་བྱས་པ་དེར་སྐྱོན་བརྗོད་དྲག་པོ་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།