ཉིན་གཉིས་ནང་བོད་མི་བཞིས་རང་ལུས་མེ་བསྲེགས།

བོད་ནང་རྒྱ་ནག་གིས་དམ་བསྒྲགས་བྱས་མིན་ལ་མ་བལྟོས་བར་བོད་མི་རང་ལུས་མེ་བསྲེགས་གཏོང་མཁན་ཇེ་མང་ལ་འགྲོ་བཞིན་པ་དང་། ཉིན་གཉིས་ནང་བོད་མི་བཞིས་རང་ལུས་མེ་བསྲེགས་བཏང་འདུག
2012-11-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་སྔ་ཕྱིར་གནས་ཚུལ་འབྱོར་དོན། ཚེས་༢༦ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦པ་ཡོལ་ཙམ་ལ་བོད་མི་མགོན་པོ་ཚེ་རིང་གིས་ཀན་ལྷོ་ཀླུ་ཆུ་རྫོང་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་ནས་བོད་ལ་རང་དབང་དགོས་བ་དང་། འགྲོ་བ་མིའི་ཐོབ་ཐང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་པ་སོགས་ཀྱི་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་ས་གནས་རང་ནས་སྐུ་གྲོངས་ཡོད་པ་རེད། དེ་མ་ཐག་ས་གནས་བོད་མི་མང་པོས་ཁོང་གི་སྐུ་ཕུང་ཐད་ཀར་དགོན་པར་གདན་འདྲེན་བྱས་རྗེས་ད་ཆ་ཨ་ལ་དང་། སྒྱིས་ཚང་། ཟམ་ཚ་བཅས་ནས་བོད་མི་མང་པོ་འཛོམས་ནས་མཆོད་འབུལ་བསྔོ་སྨོན་གྱིས་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་པ་དང་། ཅང་མ་འགོར་བར་ས་གནས་སུ་ཉེན་རྟོག་པ་དང་། དམག་མི་མང་པོ་འབྱོར་ནས་དམ་དྲག་དང་མཉམ་གནས་ཚུལ་རྩད་ཞིབ་བྱེད་བཞིན་པ་རེད་འདུག

རང་ལུས་མེ་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ནི་ལོ་༢༤ཡིན་པར་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བའི་ལོ་༤༥ཡིན་པའི་ཕ་དབང་རྒྱལ་དང་། ལོ་༤༣ཡིན་པའི་མ་རྣམ་ལོ་གཉིས་གྱི་བུ་ཡིན་པ་དང་། ལོ་༢༦་ཡིན་པའི་བཟའ་ཟླ་རྣམ་རྒྱལ་སྒྲོལ་མ་དང་ཁོ་གཉིས་ལ་ལོ༦ཅན་གྱི་ཚེ་རིང་བསམ་གྲུབ་དང་། ལོ༣ཅན་ཚེ་རིང་སྒྲོལ་མ། ལོ༢ཅན་ཚེ་རིང་ལྷ་མོ་བཅས་བྱིས་བ་གསུམ་ཡོད་འདུག

མགོན་པོ་ཚེ་རིང་

ཀན་ལྷོ་བླ་བྲང་ཨ་མཆོག

དེ་བཞིན་ཡང་ཚེས་༢༦ཉིན་གྱི་་ཕྱི་དྲོ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་བན་ཀན་སྡེ་བའི་རང་ལོ་ ༡༨ ཡིན་པའི་དཀོན་མཆོག་ཚེ་རིང་གིས་ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ཁོང་གི་ཕའི་མིང་ལ་ཚེ་འཕགས་སྐྱབས་ལོ་ ༤༠ དང་། མའི་མིང་ལ་མགོན་པོ་མཚོ་ལོ་ ༣༧ ཡིན་པར་ཁོང་གི་ཆུང་མའི་མིང་ལ་སངས་རྒྱས་མཚོ་ཟེར་ཞིང་ལོ་ ༡༩ ཡིན་འདུགདཀོན་མཆོག་ཚེ་རིང

མགོ་ལོག་གསེར་རྟ།

ཡང་དེ་རིང་ཚེས་༢༦གཟའ་ཟླ་བའི་སྔ་དྲོ་གསེར་རྟ་རྫོང་ཐོག་ཏུ་སློབ་མ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཀྱིས་གནས་ཚུལ་བཏང་དོན། རང་ལོ་ ༢༠ ཡས་མས་ཡིན་པའི་དབང་རྒྱལ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་མི་རིགས་ལ་རང་དབང་དགོས། ཞེས་སྐད་འབོད་བྱེད་ཞོར་གསེར་རྟ་རྫོང་དཀྱིལ་གྱི་ལམ་ཆེན་གཞན་ཞིག་ནས་རྫོང་གི་གྲོང་ཁྱེར་དཀྱིལ་གྱི་གསེར་གྱི་རྟ་ཡོད་ས་བར་རྒྱུགས་ཏེ་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ལུས་ཀྱི་མེ་འབར་ཤུགས་ཆེ་བས་སར་འགྱེལ་ཏེ། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་འབྱོར་ནས་ཁོང་གི་ལུས་ཀྱི་མེ་བསད་རྗེས་སྨན་ཁང་ནང་ཁྱེར་ཡོད་འདུག་ལ། ད་ཆར་ས་གནས་སུ་དམ་དྲག་ཆེ་བའི་དབང་གིས་ཤི་གསོན་གྱི་གནས་ཚུལ་གསལ་ཁ་མེད་པར་ལྷག་ཡོད་འདུག

དབང་རྒྱལ་ལགས་ནི། གསེར་རྟ་རྫོང་གི་ཁོངས་གཏོགས་མཁན་ལེབ་ཡུལ་ཚོའི་ཁ་ཤུལ་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཕ་མ་གཉིས་སྔོན་མ་ནས་འདས་གྲོངས་ཕྱིན་ཡོད་འདུག ཁོང་ལ་སྤུན་མཆེད་མིང་སྲིང་ ༤ ཡོད་འདུག

འོན་ཀྱང་བང་ཆེན་གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བརྗོད་དོན། རང་ལུས་མེར་སྲེག་གཏོང་མཁན་དབང་རྒྱལ་ལགས་ནི་དེ་སྔོན་གྲྭ་པ་ཡིན་དང་། ཁོང་ལ་སྤུན་གཉིས་ཡོད་པའི་ཆེ་བའི་མིང་ལ་ཚེ་སྒྲུབ་འབོད་ཀྱི་ཡོད་འདུག་ལ། ཁོང་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོའི་ཁ་ཤུལ་ཚོ་བ་ནས་ཡིན་འདུག

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་།

ཡང་ཚེས་༢༥ཉིན་གྱི་བོད་ནང་གི་དགོང་དྲོ་ཆུ་ཚོད་ ༡༠ ཡས་མས་སུ། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་བར་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་ཨ་ནེ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། བར་སྐོར་སྡེ་བའི་ནང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། དེ་རིང་ཞོགས་པར་ས་གནས་སྐྱ་སེར་མི་མང་འདུ་འཛོམས་ཐོག་རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་གདན་འདྲེན་གྱིས་ཞུགས་འབུལ་གནང་ཡོད་འདུག

གནས་ཚུལ་ལྟར་ན། རྒྱལ་གཅེས་དཔའ་མོ་ཁོང་གི་ཕའི་མིང་ལ་བསོད་ནམས་རྒྱལ་དང་མའི་མིང་ལ་དོན་འགྲུབ་འཚོ་འབོད་ཀྱི་ཡོད་འདུག རྒྱལ་གཅེས་དཔའ་མོ་ཁོང་ནི་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འཁྲིས་སུ་ཨ་ནེ་དགོན་པ་ཞིག་ཡོད་པ་དེའི་བཙུན་མ་ཡིན་འདུག

དེ་ལྟར་ད་བར་བོད་ནང་གི་བོད་མི་གྲངས་༨༥ཡིས་བོད་དོན་ཆེད་རང་ལུས་མེ་བསྲེགས་བཏང་ཡོད་པ་རེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།