ཞི་རྒོལ་དྲག་གནོན་དང་སློབ་ཕྲུག་བཞི་འཇུ་བཟུང་།

བོད་མདོ་སྨད་ཆབ་ཆ་རུ་སློབ་མ་སྟོང་ཚོ་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་ཐོག་རྒྱ་ནག་གིས་དྲག་གནོན་བྱེད་ཞོར་སློབ་ཕྲུག་བཞི་འཇུ་བཟུང་བྱས་ནས་གནས་སྟངས་གསལ་བོ་མེད་པར་ལྷག་འདུག
2012-11-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

chabcha

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་མདོ་སྨད་ཆབ་ཆ་རུ་སློབ་ཕྲུག་ ༡༠༠༠ ལྷག་གིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་སྐབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་མིས་སློབ་ཕྲུག་རྣམས་ལ་གཅར་རྡུང་བྱས་རྐྱེན་སློབ་ཕྲུག་ཁག་ཅིག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་དགོས་བྱུང་ཡོད་ལ། ཁོ་ཚོའི་ཁྲོད་ཀྱི་སློབ་ཕྲུག་དབང་ཆེན་ཚེ་རིང་དང་། གཞན་མཱ་མཱ་བཅས་སློབ་ཕྲུག་བཞི་འཛིན་བཟུང་བྱས་འདུག

ས་གནས་བོད་མི་ཞིག་གིས་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་གྱི་འབྱུང་རྐྱེན་གཙོ་བོ་བརྗོད་དོན། དེ་ནི་ཉེ་ཆར་མཚོ་ལྷོ་ཁུལ་ས་གནས་རྒྱ་གཞུང་གིས་རྒྱ་ནག་དམར་ཤོག་པའི་མགོ་ཁྲིད་འོག་གི་མཚོ་ལྷོ་ཁུལ་གྱི་འདས་མ་ད་གསུམ་བརྗོད་གཞིར་བཟུང་ཐོག  ༼མཚོ་ལྷོ་ཁུལ་གྱི་མིག་སྔའི་ལྟ་ཚུལ་འཛིན་སྟངས་བཅུ༽ཞེས་པའི་ཡིག་ཆ་ཞིག་སློབ་གྲྭ་ཁག་ནང་འགྲེམས་བསྒྲགས་བྱས་ཏེ།  བོད་ཀྱི་སྐད་དང་ཡི་གེ་ཁོ་ན་གཙིགས་འཛིན་བྱས་ན་མདུན་ལམ་ཆེན་པོ་མེད་ཚུལ་དང་།  རང་ལུས་མེར་བསྲེགས་ནི་བླུན་སྤྱོད་ཅིག་ཡིན་སྐོར་བརྗོད་དེ། བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་སྤྱོད་ལ་དམའ་འབེབས་དང་། རྒྱ་ནག་དམར་ཤོག་པར་དྲིན་གཟོ་ཞུ་དགོས་པའི་སློབ་གསོའི་བྱ་འགུལ་སྤེལ་བ་ལ་བརྟེན་ནས་ཡར་ལངས་ངོ་རྒོལ་དེ་བྱུང་ཡོད་པ་དང་། སློབ་ཕྲུག་ཚོས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་སྐབས་རྒྱ་གཞུང་གི་དྲིལ་བསྒྲགས་ཡིག་ཆ་དེ་མེར་བསྲེགས་བཏང་ཡོད་པ་དང་། གནས་ཚུལ་ལྟར་ན་སློབ་ཕྲུག་བཞི་ཙམ་གྱི་གནས་སྟངས་ཛ་དྲག་ཡིན་པ་རེད་འདུག

རྒྱ་གཞུང་གི་ཡིག་ཆ་དེའི་ནང་བཀོད་ཡོད་པའི་དོན་ཚན་ཁག་བཅུ་ནི།  གཅིག  མཚོ་ལྷོ་ཡར་རྒྱས་གོང་འཕེལ་དུ་གཏོང་ན་ཅི་ལ་བརྟེན་དགོས། གཉིས། བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་གོང་སྤེལ་བྱས་མེད་པ་ཡིན་ནམ། གསུམ། སྐྱེ་ཁམས་སྲུང་སྐྱོབ་དང་གསར་སྤེལ་འཛུགས་སྐྲུན་གཉིས་འགལ་ཟླ་ཡིན་ནམ། བཞི། སྐད་གཉིས་སློབ་ཁྲིད་ཀྱིས་མི་རིགས་ཀྱི་སྐད་དང་ཡི་གེ་ཉམས་ཞན་དུ་བཏང་བ་ཡིན་ནམ། ལྔ། སུ་ཞིག་གིས་རང་ཅག་ལ་འགོ་ཁྲིད་མཛད་དེ་མི་རིགས་འདྲ་མཉམ་མངོན་འགྱུར་བྱས་པ་ཡིན་ནམ། དྲུག རང་བསྲེགས་བྱ་སྤྱོད་ཀྱི་ངོ་བོ་ནི་ཅི་ཞིག་ཡིན་ནམ། བདུན། ཁྲིམས་འགལ་གྱིས་ཁྲོམ་སྐོར་འདུ་ཚོགས་བྱས་པའི་གནོད་སྐྱོན་ཅི་ཡིན་ནམ། བརྒྱད། སུ་ཞིག་གིས་ཁ་བྲལ་དང་ཟིང་ཆ་སློང་བཞིན་ཡོད་དམ། དགུ། ཅི་ལྟར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལ་ཕྱོགས་ཡོངས་དང་ཡང་དག་སྒོས་གོ་བ་ལེན་དགོས་སམ། བཅུ། ཅི་ལྟར་མིག་སྔའི་ཞོད་འཇགས་འཆམ་མཐུན་གྱི་གོང་སྤེལ་ཁོར་ཡུག་གཅེས་སུ་འཛིན་དགོས་སམ་བཅས་ཡིན་འདུག

དེ་ལྟར་གོང་གི་ཡིག་ཆ་དེ་ནི། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༠ མཚོ་ལྷོ་ཁུལ་དྲིལ་བསྒྲགས་སྡེ་ཁག་གིས་འགྲེམས་སྤེལ་བྱས་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༧ ཉིན་མཚོ་སྔོན་གསར་འགྱུར་དྲ་བའི་སྟེང་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་དེའི་སྐོར་གྱི་གནས་ཚུལ་བཀོད་འདུག  ཡིན་ནའང་། དངོས་སུ་སློབ་གྲྭ་ཁག་ནང་དུ་ཉེ་ཆར་གསར་དུ་འགྲེམས་བསྒྲགས་བྱེད་མགོ་བརྩམས་ཡོད་འདུག

chabcha

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།