ཀུའུ་ཝེན་ཀུས་ཀྱི་ལས་བྱེད་གསུམ་ལ་ཁྲིམས་ཆད་བཏང་འདུག

2017-06-16
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཨ་རིའི་ནང་གནས་སྡོད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་ཚོང་པ་(Guo Wangui)ལ་ཨ་རིའི་རླུང་འཕྲིན་ཀང་གིས་བཅར་འདྲིའི་སྐབས། ༢༠༡༧།༤།༡༩
ཨ་རིའི་ནང་གནས་སྡོད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་ཚོང་པ་(Guo Wangui)ལ་ཨ་རིའི་རླུང་འཕྲིན་ཀང་གིས་བཅར་འདྲིའི་སྐབས། ༢༠༡༧།༤།༡༩
VOA

རྒྱ་ནག་ཏཱ་ལིན་གྲོང་ཁྱེར་ཞི་ཀང་ས་ཁུལ་མི་དམངས་ཁྲིམས་ཁང་གིས་ད་སྐབས་ཨ་རི་ན་ཡོད་པའི་རྒྱ་རིགས་ཚོང་པ་ཀུའུ་ཝེན་ཀུས་(Guo Wengui)ཀྱི་པེ་ཅིང་ན་ཡོད་པའི་ཕན་ཀུ་ཧྲི་མ་རྩ་ཚད་ཡོད་ཁེ་ལས་ཁང་གི་ལས་བྱེད་པ་གསུམ་ལ་བུ་ལོན་འབོར་ཆེན་གཡོ་ལེན་བྱས་པའི་ཉེས་མིང་བཙུགས་ནས་ཉེས་ཆད་བཏང་འདུག
དེ་ཡང་སྤྱི་ཚེས་༡༦་ཉིན་རྒྱ་ནག་ཏཱ་ལིན་གྲོང་ཁྱེར་ཞི་ཀང་ས་ཁུལ་མི་དམངས་ཁྲིམས་ཁང་གིས་ཕན་ཀུ་ཧྲི་མ་རྩ་ཚད་ཡོད་ཁེ་ལས་ཁང་གི་འགན་འཛིན་མཐོ་གྲས་དང་ལས་བྱེད་པ་ལུ་ཐོ་དང་། ཞེ་ཧོང་ལེན། ཡང་ཡིན་བཅས་ཀྱིས་བུན་ལོན་འབོར་ཆེན་གཡོ་ལེན་དང་། ཕྱི་དངུལ་གཡོ་ཉོ་བྱས་པའི་ཉེས་མིང་བཙུགས་ནས་ལོ་གཉིས་ནས་ལོ་གཉིས་དང་ཟླ་གསུམ་བཅས་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་པའི་མ་ཚད། དཔལ་འབྱོར་གྱི་ཉེས་ཆད་ཀྱང་བཅད་ཡོད་པ་དང་། དེ་བཞིན་མི་སྣ་དེ་གསུམ་གཏོགས་སའི་ལས་ཁང་ཕན་ཀུ་ཧྲི་མ་རྩ་ཚད་ཡོད་ཁེ་ལས་ཁང་ལ་སྒོར་མོ དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་ལྔ་ཡི་ཆད་པ་བཅད་འདུག
དེ་ཡང་(AFP)གསར་ལས་ཁང་གི་གནས་ཚུལ་ལྟར་ན། གོང་ཞུས་རྒྱ་ནག་གི་ཁྲིམས་ཁང་དེས་བརྟག་དཔྱད་ལས་ཤེས་རྟོགས་བྱུང་བའི་དངོས་ཡོད་གནས་ཚུལ་དང་དཔང་རྟགས་ལ་གཞིགས་ནས། ཉེས་ཆད་ཕོག་པའི་མི་སྣ་དེ་གསུམ་པོས་ཀུའུ་ཝེན་ཀུས་ཀྱི་ངན་སྐུལ་ལྟར། གན་རྒྱ་བཅོས་མའི་དངུལ་དོན་སྙན་ཐོའི་རེའུ་མིག་རྫུས་མ་དང་། ཐམ་ག་རྫུན་མ་སོགས་བཟོས་ནས། མགོ་གཡོག་མགོ་སྐོར་གྱི་གཡོ་སྒྱུ་ལ་བརྟེན་ནས་རྒྱལ་ཁབ་དངུལ་ཁང་ནས་བུ་ལོན་འབོར་ཆེན་གཡོ་ལེན་བྱས་ལུགས་ར་སྤྲོད་བྱས་ཡོད་པ་དང་། དེ་མིན་མི་སྣ་དེ་གསུམ་ནི་རྗེས་འབྲང་ཉེས་ཅན་པ་ཡིན་པ་མ་ཟད། གྱོད་དོན་དང་འབྲེལ་བའི་བུ་ལོན་ཡོངས་སུ་རྫོགས་པ་ཕྱིར་སྤྲད་ཟིན་པས། ཞུ་སྦྱོར་ཕྱི་མའི་ཁེ་ལས་ཁང་དང་མི་སྒེར་ལ་ཉེས་ཆད་ཡང་མོ་བཏང་ལུགས་ཁྲིམས་ཁང་གིས་འགྲེལ་བརྗོད་གནང་ཡོད་པ་རེད།
ཁྲིམས་ཁང་གིས་ཉེས་ཆད་གསལ་བསྒྲགས་བྱས་རྗེས་ཞུ་སྦྱོར་ཕྱི་མའི་ཁེ་ལས་ཁང་གི་གཏུག་བཤེར་བྱེད་མཁན་གྱི་ལས་ཚབ་པ་དང་། ཞུ་སྦྱོར་མི་སྣ་བཅས་ཚང་མས་ཁྲིམས་ཁང་གི་ཐག་གཅོད་ལ་ཁས་ལེན་དང་གོང་གཏུག་མི་བྱེད་རྒྱུ་གསལ་བསྒྲགས་བྱས་འདུག
གཞན་ཡང་ཁྲིམས་ཁང་གི་ཡིག་ཆར་གཞིགས་ན། ཀུའུ་ཝེན་ཀུས་ལ་གྱོན་དོན་གཞན་དུ་ཐག་གཅོད་བྱ་རྒྱུ་ཞེས་བཀོད་འདུག
གོང་ཞུས་པེ་ཅིང་ཕན་ཀུ་ཧྲི་མ་རྩ་ཚད་ཡོད་ཁེ་ལས་ཁང་གི་བདག་པོ་རྒྱ་རིགས་ཚང་པ་ཀུའུ་ཝེ་ཀུས ༢༠༡༤ ལོ་ནས་ཕྱི་རྒྱལ་ན་ཡོད་པ་དང་། ད་ལོའི་སྤྱི་ཟླ་གསུམ་པ་ནས་བཟུང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་རིགས་བསྟུད་མར་ཐེར་འདོན་བྱས་དང་བྱེད་བཞིན་ཡོད་ལ། རྒྱ་ནག་གི་རེ་སྐུལ་ལྟར་ད་ལོའི་སྤྱི་ཟླ་བཞི་བར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་སྒྲིག་འཛུགས་ཀྱིས་ཀུའུ་ཝེན་ཀུས་ལ་འཛིན་བཟུང་བཀའ་རྒྱ་དམར་པོ་ཟེར་བ་དེ་བཏང་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།