སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་བཀའ་ཤག་ལ་ཕེབས་ནས་བཀའ་སློབ་གནང་འདུག

2017-10-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྐུའི་གཅེས་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་བཀའ་ཤག་ལྷན་རྒྱས། ༢༠༡༩།༡༠།༣
སྐུའི་གཅེས་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་བཀའ་ཤག་ལྷན་རྒྱས། ༢༠༡༩།༡༠།༣
tibet.net

མ་འོངས་པར་བོད་དོན་སླད་ཕྱག་ལས་གང་གནང་ན་ཡང་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་གནང་ན་གཞི་བྱེས་མཉམ་འཛོམས་ཡོང་རེ་ཡོད་པ་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུངས་འདུག
སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དབུ་བཞུགས་ཐོག་འདི་ཚེས་༤་ཉིན་བཀའ་ཤག་ལྷན་རྒྱས་གནང་སྐབས། ཁོང་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་དཀར་ནག་གཉིས་ཀྱི་གནས་ཚུལ་བོད་མི་མང་གི་ཕྱག་ལས་གནང་སྟངས་སོགས་ལ་གཟིགས་ན་ཉིན་གཅིག་བཀྲིས་ལོ་ལེགས་ཐོག་༧གོང་ས་མཆོག་བོད་ནང་ཞབས་སོར་འཁོད་ཐུབ་པ་དང་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བ་གཟིགས་ཀྱི་འདུག་ཅེས་སོགས་བཀའ་གནང་འདུག
དེ་ཡང་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་བཀའ་ཤག་ལྷན་རྒྱས་ཐོག་བཀའ་གནང་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་གནང་བའི་ཕྱག་ལས་ཁག་ལ་ནོར་འཁྲུལ་གཅིག་ཀྱང་མེད་པ་དང་། ཕྱི་ལོ་༡༩༥༤་ནས་༡༩༥༩་བར་དང་། ཕྱི་ལོ་༡༩༥༩་ལོར་རྒྱ་གར་དུ་ཆིབས་སྒྱུར་གནང་ནས་ད་བར་ཕྱག་ལས་ཧ་ལས་པའི་བརྟན་པོ་དང་ཟབ་མོ་གནང་སྟབས་བཀྲིན་ཆེན་པོ་རེད་བསམ་གྱི་འདུག་ཅེས་དང་། མ་འོངས་པར་བོད་དོན་སླད་བཀའ་ཤག་གིས་ཕྱག་ལས་གང་གནང་ན་ཡང་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཚང་མས་གནང་དགོས། དཔེར་ན། རྒྱ་ནག་དང་བཀའ་མོལ་གནང་དགོས་ཀྱི་ཡོད་ནའང་རེད། རྒྱ་གར་གཞུང་ལ་བཀའ་མོལ་གནང་དགོས་ཀྱི་ཡོད་ན་ཡང་རེད། གང་ལྟར་ག་པར་བཀའ་མོལ་གནང་གི་ཡོད་ནའང་༧སྐྱབས་མགོན་རིན་པོ་ཧ་ཅང་གལ་ཆེན་པོ་རེད། སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་མོལ་གནང་བ་ཡིན་ན་སུ་གཅིག་དང་འདྲ་གི་མ་རེད། རྩ་བའི་རྣམ་པ་ཚོ་ཞབས་ཕྱི་ཞུ་མཁན་ཡིན་སྟབས་ཕྱག་ལས་སོགས་མ་མཁྱེན་མཁན་གཅིག་ཀྱང་མེད། དེའི་ནང་ནས་སྲིད་སྐྱོང་མཆོག་གི་གནས་ཚུལ་མང་པོ་ཞིག་མཁྱེན་གྱི་ཡོད་རེད། དེར་བརྟེན་གཟབ་གཟབ་བྱེད་དགོས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་པར་ཕེབས་ཡོད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་བཞུགས་པའི་རིང་ལ་གནང་རྒྱུའི་གོ་སྐབས་ཧ་ཅང་རྩ་ཆེན་པོར་སླེབས་འདུག ལྷག་པར་བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱལ་སྤྱིའི་གནས་ཚུལ་རྒྱ་གར་གྱི་གནས་ཚུལ་བཅས་ལ་བལྟ་དུས་བཀའ་ཤག་དང་བོད་མི་མང་བཅས་ཀྱི་ཕྱག་ལས་གནང་ཕྱོགས་སྔོན་མ་ལས་ཧ་ཅང་བཟང་དུ་ཕྱིན་ཡོད་པར་བརྟེན་ཚང་མས་འཆར་གཞི་དང་དགོངས་གཞི་གྲ་སྒྲིག་བརྟན་པོ་གནང་ཐུབ་ན་ཁོང་གི་དགོངས་པར་བཀྲིས་ལོ་ལེགས་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ཞབས་སོར་འཁོད་ཐུབ་པ་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚང་མ་ཉིན་གཅིག་འཛོམས་ཐུབ་པ་ལྟ་བུ་མཐོང་གི་འདུག གང་ཡིན་ཞེ་ན་རྩ་བའི་རྒྱལ་སྤྱིའི་གནས་ཚུལ་ནི་འཁྲུག་ཆ་ཆེན་པོ་རེད། འདིའི་སྟེང་བོད་དོན་མུ་མཐུད་གནས་ཐུབ་པ་དང་། ལང་ཐུབ་པ་དགོས་སྐོར་དང་། བོད་མི་རིགས་ཀྱི་ཁེ་ཕན་ཆེད་རྒྱ་དཀར་ནག་གཉིས་དང་འབྲེལ་བ་མ་བྱེད་ཐབས་མེད་རེད་ཅེས་སོགས་ཀྱི་བཀའ་སློབ་གནང་འདུག
དེ་ནས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་མཇལ་བར་ཧ་ཅང་དགའ་པོ་བྱུང་བ་དང་། ད་རེས་ཁོང་ནས་བཀའ་སློབ་གནང་བ་ལྟར་མ་འོངས་པར་ཡང་བཀའ་སློབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། ཁོང་གི་སྐུ་ཚེ་ཧྲིལ་པོའི་རིང་བོད་སྤྱི་པའི་རྩ་དོན་ཆེད་སྐུ་ལས་ཧ་ཅང་ཆེན་པོ་སྐྱོན་ཡོད། ཕལ་ཆེར་རྒྱ་ནག་དང་། ཨུ་རུ་སུ། ཨ་མེ་རི་ཀ རྒྱ་གར་བཅས་ནང་བོད་དོན་ཐོག་མ་འོངས་པར་བོད་ཀྱི་ལོ་རྒྱུས་བྲིས་སྐབས་སྲས་རྒྱལ་ལོ་དོན་གྲུབ་མཆོག་གི་བྱས་རྗེས་འཁོད་རྒྱུ་དང་། བོད་སྤྱི་པའི་རྩ་དོན་ཆེད་ཞབས་ཞུ་ཧུར་ཐག་གནང་བར་བཀའ་ཤག་ངོས་ནས་དེ་སྔ་ཞུས་པ་ལྟར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་སོགས་ཞུས་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།