ལྷ་སར་(H7N9)རྟགས་ཅན་གྱི་བྱ་ནད་ཅན་མི་གཉིས་བྱུང་འདུག

2017-04-18
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བྱ་དེ་བཙོང་ས་ཞིག
བྱ་དེ་བཙོང་ས་ཞིག
timquijano / Flickr cc

བོད་ཀྱི་རྒྱལ་ས་ལྷ་སར་(H7N9)རྟགས་ཅན་གྱི་བྱ་ནད་ཆམ་ཚད་རིགས་ཅན་གྱི་ནད་པ་མི་གཉིས་བྱུང་འདུག
དེ་ཡང་ཉིན་ཁ་ཤས་གོང་། བོད་ཀྱི་རྒྱལ་ས་ལྷ་སའི་ནང་སླར་ཡང་H7N9རྟགས་ཅན་གྱི་བྱ་ནད་ཆམ་ཚད་འགོས་པའི་ནད་པ་གཉིས་ཙམ་ཐོན་ཡོད་པ་དང་། བྱ་ནད་ཕོག་ཡུལ་གྱི་ནད་པ་དེ་གཉིས་ཀ་ཐོག་མར་ནད་དེ་བྱུང་ཡུལ་ལྷ་སའི་བྱ་ཤ་ཚོང་བསྒྱུར་བྱ་ཡུལ་གྱི་ཁྲོམ་རྭ་དེའི་ནང་ཡོད་པའི་བྱ་གསོ་ཁང་དེ་ག་རང་ནས་ཡིན་པ་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད། བྱའི་ཆམ་ཚད་ནད་ཡམས་རིགས་ཀྱི་ནད་འབུ་འགོས་པའི་ནད་པར་གཟུགས་གཞི་མི་བདེ་བའི་ནད་རྟགས་ཐོན་ནས་སྨན་ཁང་དུ་རྟག་དཔྱད་བྱས་པའི་སྐབས། བྱ་ནད་ནད་འབུ་འགོས་པ་ཤེས་རྟོགས་བྱུང་ནས་སྨན་བཅོས་བྱས་པའི་རྗེས་དྲག་བསྐྱེད་བྱུང་ཡོད་ལུགས་གསལ་བསྒྲགས་དེའི་ནང་འཁོད་ཡོད་འདུག
རྒྱ་ནག་གི་ཞིང་ཆེན་རིམ་པ་དང་ས་གནས་ཀྱི་དཔོན་རིགས་ཚོས་བོད་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་། H7N9 ཅན་གྱི་བྱ་ནད་འགོས་ཁྱབ་བྱུང་སྟངས་ཀྱི་གནས་ལུགས་གསལ་སྟོན་བྱས་ཡོད་ཅིང་། དེ་གཞིར་བཟུང་ལྟར་བྱས་ན། བོད་ནང་བྱ་ནད་དེ་ཐོག་མར་འགོས་སའི་ནད་པ་དེ། ཟི་ཁྲོན་ཞིང་ཆེན་ནས་ཡིན་པ་འདི་ལོའི་ཕྱི་ཟླ་གཉིས་པ་ནས་བཟུང་བོད་ནང་གི་བྱ་གསོ་ཁང་ཞིག་གི་ནང་ལས་ཀ་བྱས་ཏེ་བསྡད་མཁན་ཞིག་ཡིན་འདུག་ཅིང་། ཁོ་པ་ཕྱི་ཟླ་བཞི་པའི་ནང་ནད་མནར་སྡུག་པོ་བྱུང་སྟེ། མཐར་ཁོ་པར་བྱ་ནད་དེ་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
དེ་བཞིན་འདས་པའི་གཟའ་འཁོར་གཉིས་ཙམ་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡང་བྱ་ནད་ཆམ་ཚད་ཀྱི་ནད་འབུ་འགོས་པའི་ནད་པ་གསུམ་ཙམ་བྱུང་ཡོད་པ་དང་། ད་ལྟའི་ཆར་པེ་ཅིན་དུ་བྱ་ནད་ཀྱི་ནད་འབུ་འགོས་པའི་མི་གྲངས་ཁྱོན་དྲུག་ཙམ་བྱུང་ཡོད་པ་རེད།
ད་ལོའི་ལོ་སྟོད་ཙམ་ནས་རྒྱ་ནག་གི་ཧའ་བད་དང་། ལེའོ་ཉིང་། ཧྲན་ཏུང་ནས་པེ་ཅིན་ནང་ཚོང་བསྒྱུར་བྱེད་བཞིན་པའི་ཁྱིམ་བྱར་H7N9ཞེས་པའི་བྱ་ནད་ནད་ཡམས་ཕོག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། ཡིན་ནའི་བྱ་ནད་ནད་འབུ་ཡོད་པའི་ཁྱིམ་བྱ་དེ་དག་པེ་ཅིན་ནང་ཚོང་བསྒྱུར་མ་བྱས་སྔོན་ནས་བྱུང་བ་འམ་ཡང་ན་པེ་ཅིན་ནང་དབོར་འདྲེན་བྱས་པའི་རྗེས་བྱུང་བ་ཞིག་ཡིན་མིན་ད་ལྟའི་ཆར་བརྟག་དཔྱད་བྱེད་བཞིན་ཡིན་པའི་སྐོར་ཨ་རིའི་འགོས་ནད་ཞིབ་འཇུག་ལྟེ་གནས་ཁང་གིས་གནས་ཚུལ་བཏོན་པའི་ནང་འཁོད་འདུག
རྒྱ་ནག་ནང་བྱ་ནད་ནད་ཡམས་ཁྱབ་བརྡལ་ཐེངས་ལྔ་པ་དེ་བྱུང་བའི་རྗེས་ནས་ད་ལྟའི་ཆར་ནད་འབུ་དེ་འགོས་པའི་ནད་རྟགས་ཐོན་པའི་མི་གྲངས་༦༡༣ཙམ་བྱུང་ཡོད་པ་དང་། དེའི་ནང་ནས་མི་གྲངས་༡༧༩་ཙམ་གྱི་ནད་གཞི་ཚབས་ཆེ་ཕོག་ཡོད་འདུག

གསར་འགོད་པ་འཆི་མེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།